ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་གིས་ཨ་མེ་རི་ཁའི་དམིགས་འབེན་ལ་འཇབ་རྒོལ་བྱེད་མཚམས་འཇོག་པར་ཆ་རྐྱེན་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་པ་ཡན་ལག་གསུམ་གྱི་མགོ་ཁྲིད་པས་ཚེས་བཅུ་གཅིག་ཉིན་གསར་འགོད་པར་བཤད་རྒྱུར། ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་གིས་དབྱི་རག་མང་ཁོངས་ཀྱི་ཨ་མེ་རི་ཁའི་དམིགས་འབེན་ལ་འཇབ་རྒོལ་བྱེད་མཚམས་འཇོག་པར་འཐད་པ་ཡིན་ཡང་། སྔོན་འགྲོའི་ཆ་རྐྱེན་ནི་ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་དམག་དཔུང་གིས་དབྱི་རག་གྲོས་ཁང་གི་གྲོས་ཆོད་ལྟར་དུ་དམག་དཔུང་ཕྱིར་འཐེན་བྱེད་དགོས་ཟེར། 

ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་པ་ཀྲིན་ཀྲུའུ་སྟོང་ཤོག་གི་མགྲིན་ཚབ་པ་མུའུ་ཞེ་ཡིས་བཤད་རྒྱུར། ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་རྩ་འཛུགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་འདོད་བློ་མང་དུ་བཏོན་པ་དང་། དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་ཨ་མེ་རི་ཁའི་དམིགས་འབེན་ལ་ཆམ་ཕབ་གཏོང་རྩིས་མེད་ཀྱང་། སྔོན་འགྲོའི་ཆ་རྐྱེན་ནི་ཕྱི་རྒྱལ་དམག་དཔུང་དག་དང་ལེན་ཐུབ་པའི་དུས་ཚོད་ནང་ཕྱིར་འཐེན་བྱེད་དགོས། གལ་ཏེ་ཕྱིར་འཐེན་མ་བྱས་ན་ངོ་རྒོལ་སྟོབས་ཤུགས་ཀྱིས་དམག་དོན་བྱ་འགུལ་སླར་གསོ་བྱེད་རྒྱུ་ཡིན་ཟེར། 

དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་དང་དམག་དོན་རྟེན་གཞི། དེ་མིན་སྒྲིག་ཆས་གཞན་པ་བཅས་ལ་ད་ལོའི་ཚུན་ལ་ཐེངས་མང་བོར་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་ཡོད་ལ། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲིན་ཀྲུའུ་སྟོང་ཤོག་གིས་འཇབ་རྒོལ་དོན་རྐྱེན་བཟོས་པར་བསམ་པ་དང་། དབྱི་རག་སྲིད་གཞུང་གིས་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་ལ་བཀག་འགོག་བྱས་ནས་ཨ་མེ་རི་ཁའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། 

གཞན་ཡང་ཧྲི་ཡེ་ཕྱོགས་ཁག་གི་དྲག་ཆས་པ་སྐོར་ཁག་གཉིས་ཀྱིས་ཀྱང་གསར་འགོད་པར་རིགས་དེ་མཚུངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་ཆ་རྐྱེན་བཏོན་ཡོད། 

དབྱི་རག་གི་རྒྱལ་དམངས་གྲོས་ཁང་གིས་ཟླ་དང་པོའི་ནང་ཕྱི་རྒྱལ་གྱི་དམག་དཔུང་དག་དབྱི་རག་ནས་བཅའ་སྡོད་བྱེད་མཚམས་འཇོག་དགོས་པའི་གྲོས་ཆོད་བཀོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།