ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ནཱ་ཁཱ་ས་ཁུལ་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་གཉིས་ཉིན་ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ་ཡིས་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་ནན་མོ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་གཉིས་ཉིན་བསྒྲགས་པ་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་དང་ཨེ་མེ་ནི་ཡཱའི་ཕྱི་འབྲེལ་བློན་ཆེན་མུའུ་ནཱ་ཁྲ་ཁཱ་ནེ་དབྱང་ཡིས་ཉིན་དེར་མའོ་སི་ཁི་ནས་གྲོས་མོལ་བྱས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་མོལ་བྱས་རྗེས་ཀྱི་མཉམ་འབྲེལ་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ་ཕྱོགས་གཉིས་ཀྱིས་ཉེ་སྔོན་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ནས་བཀོད་པའི་གྲོས་ཆོད་ལག་བསྟར་ནན་མོ་བྱེད་དགོས་པའི་རེ་བ་བཏོན། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། དེའི་སྔོན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ་ཕྱོགས་གཉིས་བར་ནཱ་ཁཱ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་དཔྱད་ཞིབ་རྐྱེན་སྲོལ་ཐད་ནས་གྲོས་བསྡུར་བྱས། ཨུ་རུ་སི་དང་ཨ་སེ་པེད་ཅང་། ཨེ་མེ་ནི་ཡཱ་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཀྱི་གསལ་སྒྲོག་ཀྱང་དོན་དེར་འབྲེལ་ཡོད། ནཱ་ཁཱ་ས་ཁུལ་གྱི་ཛ་དྲག་གི་གནས་བབ་སོགས་གནད་དོན་ལ་བསམ་བློ་བཏང་སྟེ། རིགས་དེ་འདྲའི་དཔྱད་ཞིབ་རྐྱེན་སྲོལ་གཏན་འབེབས་བྱེད་པ་མེད་དུ་མི་རུང་བ་ཞིག་རེད་ཟེར། 

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཉེ་སྔོན་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་མོལ་ནས་བཀོད་པའི་ཐུན་མོང་ལྟ་ཚུལ་དང་ཆོད་དོན་ལ་གདེང་འཇོག་ཆེན་པོ་བྱས། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན། མིག་སྔའི་ལས་འགན་གལ་ཆེན་ནི་གྲོས་མོལ་ནས་བཀོད་པའི་གྲོས་མཐུན་ལག་བསྟར་བྱས་ཏེ། ཕྱིན་ཆད་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པ་དང་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འཁྲུག་རྩོད་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པར་འདོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།