ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བཅུ་གཅིག་ཉིན་ཁྱབ་བསྒྲགས་བྱས་དོན། འདས་པའི་དུས་ཚོད་ཉེར་བཞིའི་རིང་དབྱི་ལང་དུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྟོང་གསུམ་དང་བརྒྱད་བརྒྱ་ཉེར་གཉིས་ཀྱིས་ཇེ་མང་དུ་སོང་བ་དང་། བསྡོམས་པས་འབུམ་ལྔ་ལས་བརྒལ་ཏེ་འབུམ་ལྔ་དང་དོན་ལྔར་སླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པ་ཉིས་བརྒྱ་དང་ང་གཅིག་གིས་ཇེ་མང་དུ་སོང་སྟེ་བསྡོམས་པས་ཁྲི་གཉིས་དང་སྟོང་བརྒྱད་ལྔ་བརྒྱ་ཞེ་བཞིར་སླེབས་ཡོད། བསྡོམས་པས་ནད་པ་འབུམ་བཞི་དང་སྟོང་དྲུག་སུམ་བརྒྱ་གྱ་དགུ་དྲག་སྐྱེད་བྱུང་བ་དང་། ནད་ཚབས་ཆེན་ཡིན་པའི་ནད་པ་ད་རུང་སྟོང་བཞི་དང་བཞི་བརྒྱ་གྱ་གཉིས་ཡོད་ཟེར།
འདས་པའི་གཟའ་འཁོར་འགའི་ནང་། དབྱི་ལང་དུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྔར་བཞིན་ཇེ་མང་དུ་སོང་བས། དབྱི་ལང་འཕྲོད་བསྟེན་སྡེ་ཁག་གིས་རྒྱལ་ས་ཏི་ཧེ་ལན་དང་གྲོང་ཁྱེར་གཙོ་བོ་གཞན་དག་ཏུ་འགོག་སྲུང་བྱེད་ཐབས་ནན་མོ་སྤྱོད་བཞིན་ཡོད། ཏི་ཧེ་ལན་གྲོང་ཁྱེར་གྱིས་ཁྱབ་བསྒྲགས་བྱས་དོན། ཚེས་བཅུ་གཅིག་ཉིན་ནས་བཟུང་གྲོང་ཁྱེར་དེའི་སྡོད་དམངས་དག་ཕྱིར་འགྲོ་དུས་ངེས་པར་དུ་ཁ་ཐུམ་རྒྱག་དགོས་པ་དང་། གཏན་ཁེལ་དེ་ལས་འགལ་མཁན་དག་ལ་དངུལ་ཆད་གཅོད་རྒྱུ་ཡིན་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
དབྱི་ལང་དུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་འབུམ་ལྔ་ལས་བརྒལ།