ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཐའོ་ཡཱ་དང་སི་ཕན་གྱི་མགོ་ཁྲིད་པས་རིམས་ནད་དབང་གིས་མཐའ་མཚམས་བཀག་སྡོམ་བྱེད་མི་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕུའུ་ཐའོ་ཡཱ་དང་སི་ཕན་གྱིས་ཚེས་བཅུ་ཉིན་ཕུའུ་ཐའོ་ཡཱའི་བྱང་ཕྱོགས་ཀྱི་བཀའ་ཨར་ཏཱ་གྲོང་ཁྱེར་ནས་ལོ་རེར་ཐེངས་རེ་ཡིན་པའི་ཕྱོགས་གཉིས་ཀྱི་མཐོ་རིམ་གྲོས་ཚོགས་སྤེལ། ཕུའུ་ཐའོ་ཡཱའི་ཙུང་ལི་ཁི་སི་ཐཱ་དང་སི་ཕན་གྱི་དབུ་བཞུགས་བློན་ཆེན་སིང་ཆེ་སི་གཉིས་ཀྱིས་གྲོས་མོལ་བྱས་རྗེས་བསྟན་དོན། ཉེ་སྔོན་རྒྱལ་ཁབ་གཉིས་སུ་པྲོག་གསར་གློ་ཚད་རིམས་ནད་ཡང་བསྐྱར་འབྱུང་བའི་སྣང་ཚུལ་ཡོད་ཀྱང་། ཕྱོགས་གཉིས་ཀྱིས་རིམས་ནད་དབང་གིས་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་བཀག་སྡོམ་བྱེད་མི་སྲིད་ལ། ཡོ་རོབ་གླིང་མནའ་འབྲེལ་གྱི་གཅིག་གྱུར་རེ་བ་གཞིར་འཛིན་ངེས་ཡིན་ཟེར། 

ཁི་སི་ཐཱ་དང་སིང་ཆེ་སི་གཉིས་ཀྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕུའུ་ཐའོ་ཡཱ་དང་སི་ཕན་གྱིས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་རྒྱུ་ཡིན་པ་དང་། མཉམ་དུ་མཐའ་མཚམས་ས་ཁུལ་གྱི་སྡོད་དམངས་ལ་སྟབས་བདེ་བསྐྲུན་རྒྱུ་ཡིན་ལ། ཁྱད་པར་དུ་འཕྲོད་བསྟེན་བདེ་སྲུང་དང་རིམས་ནད་འགོག་སྲུང་སོགས་ཀྱི་ཐད་ནས་སྲིད་ཇུས་སྦྲེལ་མཐུད་མངོན་འགྱུར་བྱེད་དགོས་ཟེར། 

ཕྱོགས་གཉིས་ཀྱིས་ད་རུང་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་འཆར་གཞིའི་ཐད་ནས་གྲོས་མཐུན་སྣ་མང་བཀོད་པ་དང་། མ་འོངས་པའི་ལོ་ངོ་གསུམ་གྱི་གྲངས་ལྡན་ཅན་དང་དཔལ་འབྱོར་དར་རྒྱས་ཇུས་གཞི། རྒྱལ་ཁོངས་བརྒལ་བའི་གཞུང་ལམ་དང་ཟམ་པ་འཛུགས་སྐྲུན་བྱེད་པ་སོགས་ལ་འབྲེལ་ཡོད། 

ཕུའུ་ཐའོ་ཡཱ་དང་སི་ཕན་ཕྱོགས་གཉིས་ཀྱིས་ད་ལོའི་ཟླ་གསུམ་པའི་ཟླ་དཀྱིལ་དུ་རིམས་ནད་བྱུང་བའི་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་བཀག་སྡོམ་བྱས་པ་དང་། ཟླ་བདུན་པའི་ཚེས་གཅིག་ཉིན་སླར་གསོ་བྱས་པ་རེད། རྒྱལ་མཚམས་བཀག་སྡོམ་བྱས་པའི་སྐབས་སུ། གནས་སྐོར་བ་ཡོད་ཚད་ལ་བཀག་འགོག་བྱས་པས། རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་ས་ཁུལ་གྱི་གནས་སྐོར་ལས་རིགས་ལ་གནོད་པ་ཚབས་ཆེན་ཐེབས་ཡོད། 

ཕུའུ་ཐའོ་ཡཱའི་ལུའུ་སཱ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཕུའུ་ཐའོ་ཡཱ་དང་སི་ཕན་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་དེ་དབྱེ་པུས་ལེ་ཡཱ་ཕྱེད་གླིང་དབུས་ཕྱོགས་སུ་གནས་པ་དང་། དཔལ་འབྱོར་དར་རྒྱས་མིན་པའི་ས་ཁུལ་ཞིག་ཡིན་ལ། ཕུའུ་ཐའོ་ཡཱའི་སྡོད་དམངས་ས་ཡ་གཅིག་དང་འབུམ་དྲུག་ཙམ་དང་སི་ཕན་གྱི་སྡོད་དམངས་ས་ཡ་གསུམ་དང་འབུམ་གསུམ་ཙམ་ས་ཁུལ་དེར་འཚོ་སྡོད་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།