ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་བཞིའི་མགོ་གཙོས་ཅིར་ཅི་སི་སི་ཐན་གྱི་གཏན་འཇགས་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧཱ་སག་སི་ཐན་དང་ཐཱ་ཅི་ཁི་སི་ཐན། ཐུའུ་ཁུའུ་མན་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་ཀྱི་ཙུང་ཐུང་གིས་ཚེས་དགུ་ཉིན་ཅིར་ཅི་སི་སི་ཐན་རྒྱལ་ནང་གི་གནས་བབ་ཐད་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཅིར་ཅི་སི་སི་ཐན་མི་དམངས་ཀྱིས་དཀའ་ཁག་ཆེ་བའི་དུས་སྐབས་སུ་བློ་གྲོས་ཆེན་པོ་མངོན་པར་བྱས་ནས། རྒྱལ་ནང་གི་ཞི་བདེ་དང་གཏན་འཇགས་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བསྟན་དོན། རྒྱལ་ཁབ་བཞི་ཡིས་ཅིར་ཅི་སི་སི་ཐན་གྱི་མིག་སྔའི་གནས་བབ་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཅིར་ཅི་སི་སི་ཐན་གྱི་གཏན་འཇགས་ནི་ས་ཁོངས་བདེ་འཇགས་དང་ཨེ་ཤ་ཡཱ་དབུས་མ་ས་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐུན་རྐྱེན་གལ་ཆེན་ཞིག་ཡིན་ལ། མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཆ་ནས་རྒྱལ་ཁབ་བཞི་ཡིས་ཅིར་ཅི་སི་སི་ཐན་གྱི་སྲིད་ཏང་དང་སྤྱི་ཚོགས་རྩ་འཛུགས་ཚང་མས་མཉམ་དུ་འབད་བརྩོན་བྱས་ཏེ། རྩ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

གསལ་སྒྲོག་ལས་བསྟན་དོན། རྒྱལ་ཁབ་བཞི་ཡིས་ཐོག་མཐའ་བར་གསུམ་དུ་ཅིར་ཅི་སི་སི་ཐན་མི་དམངས་ཀྱིས་མཐུན་སྒྲིལ་དང་ཞི་བདེ། སྒེར་ཚུགས་འཕེལ་རྒྱས་དང་དར་རྒྱས་འཚོལ་བསྙེག་བྱེད་པའི་རེ་འདུན་ལ་རྒྱབ་སྐྱོར་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དངུལ་གཏོང་དང་། འགྲིམ་འགྲུལ་སྐྱེལ་འདྲེན། མི་གཞུང་བརྗེ་རེས། མཐའ་མཚམས་མཉམ་ལས་སོགས་ལ་སྐུལ་འདེད་བཏང་ནས་ཨེ་ཤ་ཡཱ་དབུས་མ་ས་ཁུལ་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།