ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་སྔོན་དཔག་བྱས་པ་ལྟར་ན་ད་ལོར་གོ་ལ་ཧྲིལ་པོའི་ཚོང་དོན9.2%མར་ཆག་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10བའི་ཚེས6ཉིན་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས《གོ་ལ་ཧྲིལ་པོའི་ཚོང་དོན་གྲངས་གཞི་དང་རྒྱང་ལྟ》ཞེས་པའི་གསར་སྒྱུར་སྙན་ཞུ་ཁྱབ་བསྒྲགས་བྱས་པ་རེད། སྔོན་དཔག་བྱས་པ་ལྟར་ན་ད་ལོར་གོ་ལ་ཧྲིལ་པོའི་དངོས་ཟོག་ཉོ་ཚོང་བྱེད་ཚད9.2%མར་ཆག་ནའང་གོ་ལ་ཧྲིལ་པོའི་ཚོང་དོན་སྔོན་དཔག་ལས་ཅུང་ཡག་པ་རེད།

 འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ད་ལོའི་ཟླ4པར་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་ད་ལོར་གོ་ལ་ཧྲིལ་པོའི་ཚོང་དོན་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་སྟེ13%ནས32%བར་མར་ཆག་པར་སྔོན་དཔག་བྱས་པ་རེད། ཡིན་ནའང་གསར་སྒྱུར་པར་གཞིའི་སྙན་ཞུ་ལྟར་ན། ཟླ6པ་དང་ཟླ7པར་གོ་ལ་ཧྲིལ་པོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཅུང་ཇེ་ལྷོད་དུ་ཕྱིན་ནས་དཔལ་འབྱོར་མགྱོགས་མྱུར་ངང་སླར་གསོ་བྱུང་བ་དང་། མིག་སྔའི་བར་གོ་ལ་ཧྲིལ་པོའི་ཚོང་དོན་སྔོན་དཔག་ལས་ཅུང་ཡག་ལ་སྔོན་དཔག་བྱས་པ་ལྟར་ན་ད་ལོར་གོ་ལ་ཧྲིལ་པོའི་དངོས་ཟོག་ཚོང་དོན་བྱེད་ཚད9.2%མར་ཆག་རྒྱུ་ཡིན་པ་རེད།

སྙན་ཞུའི་ནང་། 2021ལོར་གོ་ལ་ཧྲིལ་པོའི་དངོས་ཟོག་ཉོ་ཚོང་སྔོན་དཔག་བྱས་ན7.2%འཕར་རྒྱུ་དང་། དེ་དེ་སྔོན་གྱི20%ལས་བརྒལ་བའི་སྔོན་དཔག་ལས་དམའ་ཞིང་ཉོ་ཚོང་གི་གཞི་ཁྱོན་དེ་རིམས་ནད་མ་བྱུང་སྔོན་གྱི་ཆུ་ཚད་ལས་དམའ་བ་རེད།

འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས། སྔོན་དཔག་གྲངས་གཞི་དེར་སྔར་བཞིན་གཏན་མེད་རང་བཞིན་ལྡན་པ་དང་གོ་ལ་ཧྲིལ་པོའི་ཚོང་དོན་གྱི་མཐའ་མའི་མཚོན་ཚུལ་དེ་རིམས་ནད་འཕེལ་རྒྱས་དང་སྲིད་གཞུང་གིས་སྤྱད་པའི་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལ་རག་ལས་ཡོད་པ་རེད། གལ་ཏེ་དུས་ཚིགས་བཞི་པར་རིམས་ནད་བསྐྱར་ལོག་བྱུང་ཚེ་ཉོ་ཚོང་ལའང་ཤུགས་རྐྱེན་ངན་པ་ཐེབས་སྲིད།

འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་གཞོན་པ་དབྱི་ཞའོ་ཀྲུན་གྱིས་ཉིན་དེའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག པྲོག་གསར་གློ་ཚད་རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་ཚོང་དོན་ལ་ཐེབས་པའི་ཤུགས་རྐྱེན་མི་འདྲ་བ་རེད། བལྟོས་བཅས་ཀྱིས་བཤད་ན། ཨེ་ཤེ་ཡ་ས་ཁུལ་གྱི་ཉོ་ཚོང་ཇེ་ཉུང་དུ་ཕྱིན་ཚད་ཅུང་ཆུང་ནའང་ཡོ་རོབ་གླིང་དང་ཨ་མེ་རི་ཁ་གླིང་བྱང་མའི་ཉོ་ཚོང་ཇེ་ཉུང་དུ་ཕྱིན་ཚད་ཅུང་ཆེ་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།