ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་བུད་མེད་སྙན་ངག་པ་ཀེ་ལུའུ་ཁེ་ལ་ཉིས་སྟོང་ཉི་ཤུ་ལོའི་ནོ་པེར་རྩོམ་རིག་བྱ་དགའ་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས8ཉིན། སུའེ་ཏེན་རྩོམ་རིག་སློབ་གླིང་གིས་ཉིས་སྟོང་ཉི་ཤུ་ལོའི་ནོ་པེར་རྩོམ་རིག་བྱ་དགའ་ཨ་མེ་རི་ཁའི་བུད་མེད་སྙན་ངག་པ་ལུའུ་དབྱི་སི· ཀེ་ལུའུ་ཁེ་ལ་སྤྲོད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

སུའེ་ཏེན་རྩོམ་རིག་སློབ་གླིང་གི་འགན་འཛིན་དྲུང་ཡིག་ཆེ་མོ་མཱ་ཚེ·མར་མུའུ་ཡིས། ཉིན་དེར་སི་ཏེ་ཀོར་མོར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བྱ་དགའ་ཐོབ་མཁན་ཡོངས་བསྒྲགས་བྱེད་སྐབས་བཤད་རྒྱུར།  ཀེ་ལུའུ་ཁེ་ཡིས་ཁོ་མོའི་རྩོད་མེད་ཡོངས་གྲགས་ཀྱི་སྙན་ངག་གི་གཉུག་མའི་སྐད་ཆ་དང་། བབ་ཆགས་ཀྱི་མཛེས་པས་མི་སྒེར་གྱི་གནས་སྟངས་ཡོངས་ཁྱབ་ཅན་དུ་བསྒྱུར་ཡོད་ཅེས་གདེང་འཇོག་བྱས། རྩོམ་རིག་སློབ་གླིང་གིས་ཉིན་དེར་ཁྱབ་བསྒྲགས་བྱས་པའི་གསར་འགྱུར་སྤྱི་བསྒྲགས་ནང་བཤད་རྒྱུར། ཁོ་མོས་ལྷ་སྒྲུང་དང་གནའ་བོའི་གསུང་རབ་ཀྱི་ཁྲོད་ནས་ཚོར་སྣང་བསྡུ་ལེན་བྱས་པ་དེ་ཁོ་མོའི་བརྩམས་ཆོས་མང་ཆེ་བའི་ནང་ཤ་འདྲེས་པགས་འདྲེས་བྱུང་ཡོད་ཟེར།

མར་མུའུ་ཡིས་བཤད་རྒྱུར། ཁོས་ཀེ་ལུའུ་ཁེ་དང་ཁ་པར་གྱི་ལམ་ནས་འབྲེལ་བ་བྱས་ཏེ། ནོ་པེར་རྩོམ་རིག་བྱ་དགའ་ཐོབ་པའི་འཕྲིན་བཟང་བཤད་རྗེས། ཁོ་མོར་དགའ་ཚོར་ཆེན་པོ་སྐྱེས། རིམས་ནད་ཀྱི་རྐྱེན་གྱིས་ད་ལོའི་ནོ་པེར་བྱ་དགའ་དེ་རྒྱང་བསྟེན་བྱ་དགའ་སྤྲོད་རྒྱུར་བསྒྱུར་ནས། ཡུལ་དངོས་སུ་ཡོང་ནས་བྱ་དགའ་ལེན་སྐལ་མ་བྱུང་ནའང་། སང་ལོར་ཀེ་ལུའུ་ཁེ་སི་ཏེ་ཀོར་མོར་གདན་ཞུ་ཐུབ་རྒྱུའི་རེ་བ་ཡོད་ཟེར།

ཀེ་ལུའུ་ཁེ་ནི་གཅིག་དགུ་ཞེ་གསུམ་ལོར་ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་ནས་སྐྱེས། གཅིག་དགུ་རེ་བརྒྱད་ལོར་ཁོ་མོའི་སྙན་ངག་ཕྱོགས་བསྒྲིགས་ཐོག་མ《བུ་མགོ་མ》ཞེས་པ་པར་སྐྲུན་བྱས་ཤིང་། དེ་མིན་ད་དུང་པར་འགྲེམས་བྱས་པའི་སྙན་ངག་དང་འབོལ་རྩོམ་ཕྱོགས་བསྒྲིགས་མང་པོ་ཡོད། ཁོ་མོར་སྔ་རྗེས་སུ་ཨ་མེ་རི་ཁའི་ཕུའུ་ལིས་ཚི་བྱ་དགའ་དང་རྒྱལ་ཁབ་ཀྱི་དཔེ་དེབ་བྱ་དགའ་སོགས་བྱ་དགའ་ཆེན་པོ་མང་དག་ཅིག་ཐོབ་མྱོང་བར་བརྟེན། ཀུན་གྱིས་ཁོ་མོ་ཨ་མེ་རི་ཁའི་དེང་རབས་ཀྱི་ཆེས་ཕུལ་དུ་བྱུང་བའི་སྙན་ངག་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།