རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་རྒྱུ་ཁས་བླངས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་གནས་སྐོར་པུའུ་ཀྲང་གིས་ཚེས་བདུན་ཉིན་བརྙན་རིས་གྲོས་ཚོགས་བསྡུས་ནས། གནས་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་སྟེ། ཚད་ཆེས་ཆེ་བའི་སྒོ་ནས་གནས་སྐོར་ལས་རིགས་ཀྱི་འཛམ་གླིང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་བྱས་རྗེས་མཐོར་འདེགས་གཏོང་རྒྱུའི་ཁས་བླངས།

ཉིན་དེའི་གྲོས་ཚོགས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་སོ་ཐི་ཨ་རབ་ཀྱིས་འགོ་མཛིན་བྱས། གྲོས་ཚོགས་སྟེང་སྤེལ་བའི་སྤྱི་བསྒྲགས་ནང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་གནས་སྐོར་ལས་རིགས་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ཤུགས་བཏོན་ནས། གནས་སྐོར་ལས་རིགས་སྔར་ལས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་གནད་འགག་དང་མཉེན་ཆ་ལྡན་པའི་ལས་རིགས་སུ་འགྱུར་བར་བྱེད་པ་མ་ཟད། གནས་སྐོར་ལས་རིགས་ཀྱིས་རིམས་ནད་དུས་སྐབས་རྗེས་མ་རུ་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ལ་སྐུལ་འདེད་གཏོང་བའི་སྦས་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་བསྟན་ཡོད།

སྤྱི་བསྒྲགས་ནང་བཤད་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་མུ་མཐུད་དུ་རྒྱལ་སྤྱིའི་མཉམ་ལས་དང་སྤྱི་སྒེར་མཉམ་ལས་བརྒྱུད་དེ་གནས་སྐོར་ལས་རིགས་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ་དང་། གནས་སྐོར་ལས་རིགས་ལ་རྒྱབ་རྟེན་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་པ་མ་ཟད། རིམས་ནད་ཁྲོད་གནོད་པ་ཐེབས་པའི་གནས་སྐོར་ཁེ་ལས་འབྲིང་ཆུང་ལ་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

སྤྱི་བསྒྲགས་ནང་བཤད་རྒྱུར། གནས་སྐོར་ལས་རིགས་ནི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པ་ཐེབས་ཚད་ཆེས་ཆེ་བའི་ལས་རིགས་གྲས་ཀྱི་གཅིག་ཡིན་པ་དང་། གནས་སྐོར་ལས་རིགས་ཀྱིས2019ལོའི་འཛམ་གླིང་ཡོངས་ཀྱི་རྒྱལ་ནང་གི་ཐོན་སྐྱེད་རིན་གྲངས་ཀྱི་བརྒྱ་ཆའི་བཅུ་དང་གྲངས་ཆུང་གསུམ་གྱི་བྱས་རྗེས་བཞག་པ་དང་། ལས་ཞུགས་གོ་སྐབས་དུང་ཕྱུར་གསུམ་དང་བྱེ་བ་གསུམ་གསར་སྐྲུན་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།