ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་དང་ཨུ་རུ་སུ། ཨ་མེ་རི་ཁ་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་ན་ཁཱ་ས་ཁུལ་གྱི་དམག་འཁྲུག་གང་མགྱོགས་སྒོས་མཚམས་འཇོག་རྒྱུའི་རེ་འབོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ལྔ་ཉིན། ཧྥ་རན་སི་དང་ཨུ་རུ་སུ། ཨ་མེ་རི་ཁ་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ནཱ་ཁ་ས་ཁུལ་གྱི་གནས་སྟངས་ཐད་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ།  ན་ཁཱ་ས་ཁུལ་གྱི་དམག་འཁྲུག་གང་མགྱོགས་སྒོས་མཚམས་འཇོག་རྒྱུའི་རེ་འབོད་བྱས།

ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ལྔ་ཉིན་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ལྟར་ན། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་ལེ་ཏེ་ལི་ཨང་དང་། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལུའོ་ཧྥུའུ། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕུང་ཕེ་ཨའོ་བཅས་ཀྱིས། ཡོ་རོབ་ཀྱི་བདེ་འཇགས་དང་མཉམ་ལས་རྩ་འཛུགས་མེན་སི་ཁེ་ཚོགས་ཆུང་གི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ། ན་ཁཱ་ས་ཁུལ་དང་དེ་བཞིན་ས་ཁུལ་དེ་ཕུད་པའི་གཏུམ་སྤྱོད་རིམ་སྤོར་ལ་རྒོལ་གཏམ་དྲག་པོ་བཏང་། གསལ་བསྒྲགས་ནང་། ཉེ་དུས་གདོང་ཐུག་གི་གནད་དོན་འབྱུང་བཞིན་པ་དང་། དེ་བཞིན་ན་ཁཱ་གདོང་ཐུག་ས་ཁུལ་ཕུད་པའི་ཨ་ཟེར་བྷེ་ཇན་དང་ཨར་མེ་ཉི་ཡའི་མངའ་ཁོངས་སུ་མི་སེར་གྱི་སྒྲིག་བཀོད་ལ་དམིགས་པའི་འཇབ་རྒོལ་གྱིས། ས་ཁུལ་བརྟན་འཇགས་ལ“དང་ལེན་བྱེད་ཐབས་བྲལ་བའི”འཇིགས་སྐུལ་བཟོས་ཡོད།

རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཨུ་རུ་སུ་དང་ཨ་མེ་རི་ཁ། ཧྥ་རན་སི་བཅས་རྒྱལ་ཁབ་གསུམ་གྱི་ཙུང་ཐུང་གིས་ཉིན་འགའི་སྔོན་ལ་སྤེལ་བའི། མཉམ་འབྲེལ་གསལ་བསྒྲགས་བསྐྱར་བསྒྲགས་བྱས་ཏེ། སླར་ཡང་འགལ་བ་བཟོ་མཁན་ཕྱོགས་སོ་སོས་འཕྲལ་མར་ཆ་རྐྱེན་མེད་པའི་སྒོ་ནས་དམག་མཚམས་འཇོག་རྒྱུའི་འབོད་སྐུལ་བྱས། གསལ་བསྒྲགས་ནང་། རྒྱལ་ཁབ་གསུམ་པོ་ཡོ་རོབ་བདེ་འཇགས་རྩ་འཛུགས་མེན་སི་ཁེ་ཚོགས་ཆུང་གི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ངོས་ནས། ཡོ་རོབ་བདེ་འཇགས་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བཅོལ་བའི་འགན་འཁྲི་གང་ལེགས་འཁུར་རྒྱུ་དང་། འགལ་རྐྱེན་བཟོ་མཁན་སོ་སོ་དང་འབྲེལ་གཏུག་བྱས་ཏེ། ན་ཁཱ་ས་ཁུལ་གྱི་གནད་དོན་ཐག་གཅོད་དགོས་པའི་ཐད་སླར་ཡང་སྐུལ་མ་བཏང་།

ཨུ་རུ་སུའི་ཕྱི་འབྲེལ་པུའུ་དང་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྱང་ཉིན་དེར་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཡོད།

ཨར་མེ་ཉི་ཡ་དང་ཨ་ཟེར་བྷེ་ཇན་གཉིས་བར། ཟླ་དགུ་བའི་ཚེས་ཉེར་བདུན་ཉིན། ན་ཁཱ་ས་ཁུལ་དུ་གདོང་ཐུག་གསར་པ་བྱུང་།  ཕྱོགས་གཉིས་ཀས་ཕན་ཚུན་ལ་སྐྱོན་འཛུགས་བྱས་ཏེ་འགལ་རྐྱེན་འདི་བཟོས་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།