ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་གསུམ་ཉིན་བདེན་དཔང་བྱས་ནས་བསྟན་དོན། ཨ་ཧྥུའུ་ཧན་ཤར་རྒྱུད་ཀྱི་ནན་ཀེ་ཧར་ཞིང་ཆེན་དུ་ཉིན་དེར་རླངས་འཁོར་འགད་རྫས་ཀྱི་འཇབ་རྒོལ་ཞིག་བྱུང་ནས། མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་ཞེ་གཉིས་ལ་རྨས་སྐྱོན་ཕོག་ཡོད།
ནན་ཀེ་ཧར་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཨ་ཐ་ཝུའུ་ལ·ཧུའུ་ཅི་ཡ་ཉི་ཡིས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ས་གནས་དེ་གའི་ཚེས་གསུམ་ཉིན་གྱི་དུས་ཚོད་བཅུ་གཉིས་དང་སྐར་མ་ཉི་ཤུ་ཙམ་ལ། དྲག་ཆས་པ་སྐོར་ཞིག་གིས་ཞིན་ཝ་ཨར་ས་ཁུལ་གྱི་གསང་འཕྲིན་ལས་ཁུངས་ཀྱི་གཞུང་ལས་ཁང་གི་ཕྱི་རོལ་ནས། རླངས་འཁོར་ཞིག་གི་སྟེང་གི་འགད་རྫས་བཀད་དུ་བཅུག་པ་དང་། དེ་རྗེས་དྲག་ཆས་པ་འགའ་གཞུང་ལས་ཁང་དུ་འཛུལ་རྩིས་བྱས་པ་ན། ཨ་ཧྥུའུ་ཧན་སྲིད་གཞུང་གི་བདེ་འཇགས་དམག་དཔུང་གིས་རྒོལ་ལན་སྤྲད་པར་བརྟེན། འཇབ་རྒོལ་བྱེད་མཁན་ཚང་མ་བསད།
ཧུའུ་ཅི་ཡ་ཉི་ཡིས་བཤད་རྒྱུར། འབར་གས་ཀྱིས་བྱིས་པ་གཉིས་ཚུད་པའི་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཞེ་གཉིས་ལ་རྨས་སྐྱོན་ཕོག་ཡོད་ཟེར། འཇབ་རྒོལ་འདིའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་མང་པོ་ཞིག་ཅུང་འཕྱི་བའི་སྒོ་ནས་སྨྱན་སྦྱོར་གྱི་ལམ་ནས་ཁྱབ་བསྒྲགས་བྱེད་རྒྱུ་རེད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
ཨ་ཧྥུ་ཧན་ཤར་ཕྱོགས་སུ་རླངས་འཁོར་འགད་རྫས་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས་མི་བཅོ་ལྔ་ཚེ་ལས་འདས།