ཀྲུང་གོ་སྲིད་གཞུང་གི་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཆུང་ལའེ་སུའོ་ཐུའོ་ལ་ཐོན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9པའི་ཚེས28ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ལའེ་སུའོ་ཐུའོ་སྲིད་གཞུང་གིས་གདན་འདྲེན་ཞུས་པ་ལྟར་ན། ཀྲུང་གོ་སྲིད་གཞུང་གི་རིམས་འགོག་སྨན་བཅོས་ཆེད་མཁས་པའི་ཚན་ཆུང་གི་མི་བཅུ་ཚེས་ཉེར་བདུན་ཉིན་ཆེད་གཏོང་གནམ་གྲུ་ལ་བསྡད་དེ་ལའེ་སུའོ་ཐུའོ་ཡི་རྒྱལ་ས་མཱ་སའེ་ལུའུ་ལ་ཐོན་ནས། ལའེ་སུའོ་ཐུའོ་ནས་དུས་ཡུན་ཉིན་བཅུའི་རིང་གི་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་རོགས་སྐྱོར་བྱ་བ་སྤེལ་འགོ་བརྩམས།

ཀྲུང་གོའི་ལའེ་སུའོ་ཐུའོ་རུ་སྡོད་པའི་གཞུང་ཚབ་པ་ལེ་ཁི་ཀྲུང་དང་ལའེ་སུའོ་ཐུའོ་ཡི་དབུ་བཞུགས་བློན་ཆེན་མཱ་ཆིའོ་ལུའོ་དང་འཕྲོད་བསྟེན་བློན་ཆེན་མཱ་ཁའེ་ལའེ་པོ་སོགས་གནམ་གྲུ་ཐང་ལ་ཡོང་ནས་བསུ་མ་བྱས། ལེ་ཁི་ཀྲུང་དང་མཱ་ཁའེ་ལའེ་པོ་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་ཚབ་བྱས་ནས་ཀྲུང་གོ་ཕྱོགས་ཀྱིས་ལའེ་སུའོ་ཐུའོ་ལ་རོགས་སྐྱོར་བྱེད་པའི་རིམས་འགོག་དངོས་ཟོག་བརྒྱུད་སྤྲོད་འཛིན་ཡིག་བཀོད།

ལེ་ཁི་ཀྲུང་གིས་ཤིས་ཚིག་ནང་བཤད་རྒྱུར། རིམས་ནད་ལ་ཁ་གཏད་དེ། ཀྲུང་གོ་དང་ལའེ་སུའོ་ཐུའོ་རྒྱལ་ཁབ་གཉིས་ཀྱིས་ནམ་ཡང་ཕན་ཚུན་རྒྱབ་སྐྱོར་དང་སོ་སྲུང་རོགས་རེས་བྱས། ཀྲུང་གོའི་རིམས་ནད་འགོག་བཅོས་བྱེད་པའི་གནད་འགག་དུས་སྐབས་སུ། ལའེ་སུའོ་ཐུའོ་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོར་འཚམས་འདྲི་དང་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུའི་ཚུལ་བསྟན། ཀྲུང་གོས་ཀྱང་ལའེ་སུའོ་ཐུའོ་ཡིས་རིམས་ནད་འགོག་བཅོས་བྱེད་པའི་ཐད་རང་ནུས་ཅི་ཐུབ་ཀྱིས་རྒྱབ་སྐྱོར་དང་རོགས་རམ་འདོན་སྤྲོད་བྱས་པ་དང་། ལའེ་སུའོ་ཐུའོ་ལ་རིམས་འགོག་དངོས་ཟོག་མང་པོ་ཞལ་འདེབས་སུ་ཕུལ། ཀྲུང་གོའི་ཆེད་མཁས་ཚན་ཆུང་གིས་ལའེ་སུའོ་ཐུའོ་རོགས་བྱས་ནས་སྔ་མོ་ནས་རིམས་ནད་འགོག་རྒོལ་ཐད་ཀྱི་རྒྱལ་ཁ་ལེན་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད། ཀྲུང་གོས་མུ་མཐུད་དུ་ལའེ་སུའོ་ཐུའོ་ནང་དུ་འདུ་བའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོ་སོའི་རིམས་འགོག་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱས་ནས། མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་ཚོགས་པ་འཛུགས་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།