ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་པོའི་འགོ་གཙོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དམིགས་འབེན་དང་རྩ་དོན་ལ་སྲུང་སྐྱོབ་བརྟན་པོ་བྱེད་རྒྱུའི་ཁས་བླངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་སྐབས་དོན་ལྔ་པའི་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཚེས་ཉེར་དྲུག་ཉིན་ཉིན་ལྔ་བར་ཐོན་པ་དང་། རྒྱལ་ཁབ་མང་པོའི་ཙུང་ལི་དང་ཕྱི་འབྲེལ་པུའུ་ཀྲུང་གིས་བརྙན་རིས་བརྒྱུད་དེ་གཏམ་བཤད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དམིགས་འབེན་དང་རྩ་དོན་ལ་སྲུང་སྐྱོབ་བརྟན་པོ་བྱེད་པ་དང་། ཕྱོགས་གཅིག་རིང་ལུགས་བཀག་འགོག་དང་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་བྱེད་རྒྱུའི་ཁས་བླངས།

མའོ་ལིས་ཆིའུ་སིའི་ཙུང་ལི་ཕུའུ་ལ་ཝུན་ཏི.ཅཱ་ཀི་ན་ཐི་ཡིས་བཤད་རྒྱུར། ང་ཚོའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྨིང་རྡོ་ལྟ་བུའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དམིགས་འབེན་དང་རྩ་དོན་གྱི་ཡིད་རྟོན་བསྐྱར་སྒྲོག་བྱེད་རྒྱུ་ཧ་ཅང་གལ་ཆེ། དེ་ནི་སྔར་ལས་ཞི་བདེ་དང་དར་རྒྱས། འདྲ་མཉམ་གྱི་འཛམ་གླིང་ལ་སྲུང་སྐྱོབ་བྱེད་པའི་མེད་དུ་མི་རུང་བའི་རྨང་གཞི་ཡིན་ཟེར།

བྷང་ག་ལའི་ཙུང་ལི་ཞའེ་ཧི.ཧྭ་ཞི་ནས་ནན་གྱིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཕྱོགས་མང་རིང་ལུགས་ཀྱི་མེད་དུ་མི་རུང་བའི་གལ་ཆེན་རང་བཞིན་མངོན་པར་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་འཁོར་དོན་ལྔ་ལོན་ལ་ཉེ་བའི་སྐབས་སུ། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཐད་ནས་མངོན་པའི་ཕྱོགས་མང་རིང་ལུགས་ཀྱི་ཁས་ལེན་འགྱུར་མི་སྲིད་ལ། བྷང་ག་ལས་ཕྱོགས་མང་རིང་ལུགས་ཀྱི་རིན་ཐང་ལྟ་བར་སྲུང་སྐྱོབ་བྱེད་པ་དང་། དབུལ་ཕོངས་དང་བཤུ་གཞོག་མེད་པའི་རྒྱལ་ཁབ་ཞིག་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་འདོན་བཞིན་ཡོད་ཟེར།

པ་ཧྭ་མའི་ཙུང་ལི་ཞིག་པོ་ཐི.མེན་ཉི་སི་ཡིས། པ་ཧྭ་མས་བློ་བརྟན་འགྱུར་མེད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡིན་པ་དང་། ནམ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དམིགས་འབེན་དང་རྩ་དོན་བརྟན་སྲུང་བྱེད་རྒྱུ་ཡིན་ཞེས་ཁས་བླངས།

སི་རི་ཡའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་ཝ་ལིས་ཏི.མུའུ་ཨུ་ལིས་མུའུ་ཡིས་བསྟན་དོན། རྒྱལ་ཁབ་ཁ་ཤས་ཀྱིས་རང་ཕྱོགས་ནས་འཇིག་སྐུལ་བྱེད་ཐབས་སྤྱད་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པས། ང་ཚོས་གནོད་པ་ཐེབས་པའི་རྒྱལ་ཁབ་ཚང་མ་དང་བྱེད་ཐབས་དེ་དག་ངོ་རྒོལ་བྱེད་པའི་རྒྱལ་ཁབ་དག་མཐུན་སྒྲིལ་བྱས་ནས། ཕྱོགས་གཅིག་བྱེད་ཐབས་ངོ་རྒོལ་བྱེད་པ་དང་། དེས་རྒྱལ་ཁབ་སོ་སོའི་མི་དམངས་ཐེབས་པའི་གནོད་པ་ཇེ་ཆུང་དུ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།