ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་གིས་ཡ་མེ་ཉི་ཡ་དང་ཨ་སའེ་པད་ཅང་ཕྱོགས་གཉིས་ཀྱིས་ན་ཁཱ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་རྒྱུའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལུའོ་ཧྥུའུ་ཡིས་ཚེས་ཉེར་བདུན་ཉིན་སོ་སོར་ཡ་མེ་ཉི་ཡ་དང་ཐུར་ཁེ། ཨ་སའེ་པད་ཅང་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་བར་ན་ཁཱ་ས་ཁུལ་དུ་བྱུང་བའི་འཁྲུག་རྩོད་གསར་བའི་ཐད་ནས་ཁ་པར་བཏང་། ཨུ་རུ་སིས་ངེས་པར་དུ་ཡ་མེ་ཉི་ཡ་དང་ཨ་སའེ་པད་ཅང་ཕྱོགས་གཉིས་ཀྱིས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བདུན་ཉིན་སྤེལ་བའི་གསལ་བསྒྲགས་གསུམ་ལྟར། ལཱ་ཧྥུའུ་ལུའོ་ཧྥུའུ་ཡིས་ཉིན་དེར་སོ་སོར་ཡ་མེ་ཉི་ཡའི་ཕྱི་འབྲེལ་པུའུ་ཀྲང་མུའུ་ཁཱ་ཉི་དབྱང་དང་ཐུར་ཁེའི་ཕྱི་འབྲེལ་པུའུ་ཀྲང་ཆ་ཝུའུ་ཧྲི་ཨོ་ལུའུ། ཨ་སའེ་པད་ཅང་གི་ཕྱི་འབྲེལ་པུའུ་ཀྲང་པཱ་དབྱི་ལ་མའོ་ཧྥུའུ་གསུམ་ལ་ཁ་པར་བཏང་སྟེ། ན་ཁཱ་ས་ཁུལ་དུ་བྱུང་བའི་འཁྲུག་རྩོད་ཐད་ནས་གྲོས་ཞིབ་བྱས།

གསལ་བསྒྲགས་ནང་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་ན་ཁཱ་ས་ཁུལ་དུ་འཁྲུག་རྩོད་བྱུང་བར་སེམས་ཁུར་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། ངེས་པར་དུ་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན་ལ། ཨུ་རུ་སིའི་ཕྱོགས་ཀྱིས་ཡོ་རོབ་གླིང་གི་བདེ་འཇགས་དང་མཉམ་ལས་རྩ་འཛུགས་མེན་སི་ཁི་ཚན་ཆུང་གི་ཐུན་མོང་ཀྲུའུ་ཞི་རྒྱལ་ཁབ་གཞན་པ་དང་མཉམ་དུ། མུ་མཐུད་དུ་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་བ་དང་། ཧུར་ཐག་གིས་གནས་བབ་གཏན་འཇགས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཡ་མེ་ཉི་ཡ་དང་ཨ་སའེ་པད་ཅང་གཉིས་བར་ཚེས་ཉེར་བདུན་ཉིན་ན་ཁཱ་ས་ཁུལ་དུ་འཁྲུག་རྩོད་གསར་བ་བྱུང་བ་དང་། ཕྱོགས་གཉིས་ཀྱིས་ཕ་རོལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་ནས་སྔོན་དུ་དམག་དོན་འཇབ་རྒོལ་སྤེལ་བར་སྐྱོན་འཛུགས་བྱས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།