ལེ་པ་ནོན་དུ་སྐྱོད་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དམག་དཔུང་པེ་ལུའུ་ཐེ་འབར་གས་ཆེན་མོའི་གཙང་བཤེར་བསྐྱར་སྐྲུན་ནང་ཞུགས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ལེ་པ་ནོན་དུ་སྐྱོད་པའི་ཀྲུང་གོའི་སྐོར་ཐེངས19པའི་ཞི་བདེ་སྲུང་སྐྱོང་གི་ནུས་མང་བཟོ་སྐྲུན་དམག་དཔུང་ཡན་ལག་རུ་ཁག་གི་དཔོན་དམག41པེ་ལུའུ་ཐེ་གྲུ་ཁ་རུ་འབར་གས་ཆེན་པོ་བྱུང་རྗེས་ཀྱི་གཙང་བཤེར་བསྐྱར་སྐྲུན་ལས་དོན་ནང་ཞུགས་རྒྱུ་ཡིན་ལ། ཁག་དང་པོའི་དཔོན་དམག20ཚེས27ཉིན་པེ་ལུའུ་ཐེ་རུ་འབྱོར། 

བྱ་སྤྱོད་འདི་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབང་ཆ་སྤྲད་པ་དང་ལེ་པ་ནོན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐབས་སྡོད་དམག་དཔུང་དམག་སྤྱི་ཁང་གི་བཀའ་རྒྱ་གཞི་བཟུང་བ་ཞིག་རེད། བཀའ་རྒྱ་འབྱོར་རྗེས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དམག་དཔུང་གིས་འཕྲལ་མར་འབྲེལ་ཡོད་གྲ་སྒྲིག་ལས་དོན་སྤེལ་ཏེ་སྔ་རྗེས་སུ་པེ་ལུའུ་ཐེར་ལས་འགན་རྩད་ཞིབ་ཐེངས་གསུམ་བྱས་པ་མ་ཟད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲ་སྒྲིག་ལས་དོན་ཡང་ཡག་པོ་བསྒྲུབས།

ཐེངས་འདིའི་རོགས་སྐྱོར་ལས་འགན་ནང་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དམག་དཔུང་གིས་གཙོ་བོར་པེ་ལུའུ་ཐེ་གྲུ་ཁ་དང་། ལེ་པ་ནོན་ཕྱི་འབྲེལ་པུའུ་ཡི་གཞུང་ལས་ཐོག་ཁང་། གྲོང་ཁྱེར་དང་གྲོང་ཁུལ་གྱི་ཁྲོམ་གཞུང་སོགས་སུ་དངོས་ཟོག་གཙང་བཤེར་དང་གཏོར་སྐྱོན་ཕོག་པའི་མཛོད་ཁང་བཤིག་པ་སོགས་ཀྱི་ལས་འགན་འཁུར་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། པེ་ལུའུ་ཐེ་རུ་སྐྱོད་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དམག་དཔུང་གི་སྐོར་ཐེངས་གཉིས་པའི་རོགས་སྐྱོར་དཔོན་དམག21ཚེས29ཉིན་པེ་ལུའུ་ཐེར་འབྱོར་རྒྱུ་ཡིན་པ་རེད།

ལེ་པ་ནོན་དུ་སྐྱོད་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དམག་དཔུང་སྐོར་ཐེངས19པའི་བཀོད་འདོམས་པ་ཏུའུ་ཅ་ཡིས་ཀྲུང་གོའི་དཔོན་དམག་གིས་ལེ་པ་ནོན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམག་དཔུང་གཞན་དག་དང་མཉམ་དུ་པེ་ལུའུ་ཐེ་གྲུ་ཁ་བསྐྱར་སྐྲུན་དང་ས་གནས་དེ་གའི་ཐོན་སྐྱེད་སྒྲིག་ལམ་སླར་གསོ་བྱ་ཆེད་ནུས་པ་གལ་ཆེན་འདོན་རྒྱུ་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།