ཕུའུ་ཅིན་གྱིས་ཨུ་རུ་སུ་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་ཆ་འཕྲིན་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་སླར་གསོ་བྱེད་རྒྱུའི་འདོད་ཚུལ་བཅངས་ཡོད་པའི་ཚུལ་བསྟན།

 ཞིན་ཧྭ་གསར་འགྱུར་ཁང་གི་གློགའཕྲིན་ལྟར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་ལྔ་ཉིན་བསྟན་དོན།  ཨུ་རུ་སི་དང་ཨ་མེ་རི་ཁ་གཉིས་ཀྱིས་ཆ་འཕྲིན་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་སླར་གསོ་བྱེད་དགོས་ཟེར།

ཨུ་རུ་སའི་ཙུང་ཐུང་དྲ་ཚིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན།  ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སུ་དང་ཨ་མེ་རི་ཁ་གཉིས་ཀྱིས་རྒྱལ་སྤྱིའི་ཆ་འཕྲིན་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་སླར་གསོ་བྱེད་པའི་ཐད་གསལ་བསྒྲགས་སྤེལ་ཏེ་བཤད་རྒྱུར།  ཨུ་རུ་སུ་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་ཆ་འཕྲིན་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་སླར་གསོ་བྱེད་རྒྱུའི་འདོད་ཚུལ་བཅངས་ཡོད་ཟེར།   གཞི་གྲངས་ཁྱབ་ཁོངས་སུ་གཞི་ཁྱོན་ཆེ་བའི་འགྲན་རྒོལ་གྱི་ཉེན་ཁ་འབྱུང་སྲིད་པ་ནི་མིག་སྔའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་གནས་པའི་འཐབ་ཇུས་ཀྱི་འཇིགས་སྣང་ཆེན་པོ་ཞིག་ཡིན་པ་དང་།   རྒྱལ་སྤྱིའི་ཆ་འཕྲིན་བདེ་འཇགས་ཁྱབ་ཁོངས་སུ་ཞུགས་མཁན་དག་གིས་འགྲན་རྒོལ་དེ་སྔོན་འགོག་བྱེད་པའི་ཐད་དམིགས་བསལ་གྱི་བྱེད་ནུས་འདོན་བཞིན་ཡོད་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར།   ཨུ་རུ་སུ་དང་ཨ་མེ་རི་ཁ་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆ་འཕྲིན་བདེ་འཇགས་ཁྱབ་ཁོངས་ཀྱི་དུས་བཅད་གྲོས་མོལ་སླར་གསོ་བྱས་ཏེ།  རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པ་དང་།  ཉིང་རྡུལ་ཉེན་ཁ་ཇེ་ཉུང་དུ་གཏོང་བ་སོགས་ཁྱབ་ཁོངས་ཀྱི་གྲོས་མོལ་བརྗེ་རེས་དང་མཉམ་ལས་ལ་རྒྱབ་སྐྱོར་བྱེད་དགོས་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར།  ཨུ་རུ་སུ་དང་ཨ་མེ་རི་ཁ་གཉིས་ཀྱིས་ཆ་འཕྲིན་བདེ་འཇགས་ཁྱབ་ཁོངས་ཀྱི་ཐོལ་བྱུང་དོན་རྐྱེན་སྔོན་འགོག་བྱེད་པའི་གྲོས་མཐུན་བཟོ་བ་དང་དེར་མིང་རྟགས་འགོད་དགོས་པ་དང་།   ཆ་འཕྲིན་ལག་རྩལ་གྱིས་ཕ་རོལ་བོའི་འདེམས་བསྐོ་དང་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་སོགས་ཀྱི་ཆབ་སྲིད་དམ་བཅའ་བརྩི་སྲུང་བྱེད་དགོས།   རྒྱལ་ཁབ་གཉིས་བར་ཆབ་སྲིད་ཐད་ཀྱི་འགལ་བ་མང་པོ་ཡོད་ནའང་།   ཕྱོགས་གཉིས་ཀྱིས་ཆ་འཕྲིན་བདེ་འཇགས་ཁྱབ་ཁོངས་ཀྱི་ཆེད་མཁས་རིམ་པའི་གྲོས་མོལ་སླར་གསོ་བྱེད་འོས་ཟེར།

ཕུའུ་ཅིན་གྱིས་བསྟན་དོན།  ཨུ་རུ་སུ་དང་ཨ་མེ་རི་ཁ་གཉིས་ཀྱིས་ཆ་འཕྲིན་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་སླར་གསོ་བྱས་པ་དེས་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐད་ཕན་པ་ཡོད་པ་དང་།  འཛམ་གླིང་ཁྱབ་ཁོངས་སུ་ཆ་འཕྲིན་བདེ་འཇགས་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་ཕན་པ་ཡོད་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།