ཀུ་ཐེ་ལེ་སི་ཡིས་བྱེད་ཐབས་གསར་པར་བརྟེན་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དང་ཕྱོགས་མང་རིང་ལུགས་ལ་བསམ་གཞིག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་བཞི་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུ་ཐེ་ལེ་སི་ཡིས་གཏམ་བཤད་ནས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གསར་གཏོད་ཀྱི་རྣམ་པའི་ཐོག་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དང་ཕྱོགས་མང་རིང་ལུགས་ལ་བསམ་གཞིག་བྱས་ཏེ། དུས་རབས་ཉེར་གཅིག་པའི་དགོས་མཁོ་དང་འཚམ་པར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཉིན་དེར་ཀུའུ་ཐེ་ལེ་སི་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི“རིམས་ནད་ཕྱི་མའི་དུས་རབས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང”གི་རིམ་པ་མཐོ་ཤོས་ཀྱི་རྩོད་གླེང་ཚོགས་འདུའི་སྟེང་བཤད་རྒྱུར།  རིམས་ནད་གསར་བ་ནི་ཕྱོགས་ཡོངས་ཀྱི་ཉམས་ཉེན་ཞིག་རེད། དེ་ནི་ས་ཁོངས་ཆབ་སྲིད་ཛ་དྲག་ཆེ་བའི་རྒྱབ་ལྗོངས་འོག་གློ་བུར་དུ་བྱུང་བ་དང་བསྟུན་ནས། དེས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འཇིགས་སྐུལ་གཞན་དག་རིམ་པར་བརྩེགས།  རིམས་ནད་དེར་སྔོན་དཔག་བྱེད་མི་ཐུབ་པ་དང་ཉེན་ཁ་ཆེ་བའི་གནས་སྟངས་ཀྱིས་གང་སར་མཆེད་དེ། གོ་ལ་ཧྲིལ་པོར་གློ་ཚད་རིམས་ནད་གཏན་འཁེལ་བྱས་པའི་ནད་པ་བྱེ་བ་གསུམ་ལ་སླེབས་ཡོད་ཅིང་། མི་ས་ཡ་གཅིག་ཙམ་རིམས་ནད་ཁྲོད་རྐྱེན་ལམ་དུ་ཤོར། རྣམ་པ་འདི་བྱུང་བའི་རྒྱུ་རྐྱེན་གཅིག་ནི་འཛམ་གླིང་ཡོངས་ཀྱིས་གྲ་སྒྲིག་བྱས་པ་མི་འདང་བ་དང་། མཉམ་ལས་དང་མཐུན་སྒྲིལ་རོགས་རེས་བྱས་པ་མི་འདང་བའི་དབང་གིས་རེད་ཟེར།

ཀུ་ཐེ་ལེ་སི་ཡིས་ངོས་འཛིན་བྱས་དོན། རིམས་ནད་གསར་པ་ནི་རྒྱལ་སྤྱིའི་མཉམ་ལས་ལ་ཚོད་བགམ་བྱས་པ་ཞིག་ཡིན་ཞིང་། ཚོད་བགམ་དེའི་ཁྲོད་ང་ཚོ་རྩ་བ་ནས་ཕམ་སོང་། དེར་བརྟེན་རིམས་ནད་གསར་བ་འདིས་ང་ཚོ་ལ་ཉེན་བརྡ་བཏང་། གལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་བཞིན་མཐུན་སྒྲིལ་མི་བྱེད་པ་དང་ཟང་ཟིང་གི་རྣམ་པའི་ཐོག་ནས་ཁ་གཏད་འཇལ་ན། མ་འོངས་པར་གནོད་འཚེའི་རང་བཞིན་གྱི་འགྲན་སློང་དེ་བས་མང་བ་འབྱུང་སྲིད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།