ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གིས་ཨ་མེ་རི་ཁས་ཕྱོགས་རྐྱང་པའི་ངོས་ནས་བཀག་སྡོམ་བྱེད་པ་ནི་ཁྲིམས་འགལ་ཞིག་རེད་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་གཅིག་ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལའོ་ཧྥུའུ་ཡིས་ཨ་མེ་རི་ཁས་ཕྱོགས་རྐྱང་པའི་བཀག་སྡོམ་བྱས་པ་ནི་རྦད་དེ་ཁྲིམས་འགལ་ཞིག་རེད་ཟེར།

ཨུ་རུ་སུའི་གསར་ལམ་གྱིས་ཉིན་དེར་ལ་ཧྥུའུ་ལའོ་ཧྥུའུ་ཡི་སྐད་ཆ་དྲངས་ནས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་སྟོང་གཉིས་དང་ཉིས་བརྒྱ་སོ་གཅིག་པའི་ནང་གཏན་འབེབས་བྱས་པའི་དབྱི་ལང་གི་མཚོན་ཆ་སྐྱེལ་འདྲེན་བྱེད་མི་ཆོག་པའི་དུས་བཀག་གི་རྗེས་སུ། དབྱི་ལང་གིམཚོན་ཆ་སྐྱེལ་འདྲེན་བྱེད་མི་ཆོག་པ་དང་ཚོད་འཛིན་བྱེད་པའི་གནད་དོན་ཅི་ཡང་མེད། ཨ་མེ་རི་ཁས་དབྱི་ལང་གི་ཉིང་རྡུལ་གནད་དོན་དང་འབྲེལ་བའི་ཕྱོགས་ཡོངས་ཀྱི་གྲོས་མཐུན་ཕྱིར་འཐེན་བྱས་པར་བརྟེན། དབྱི་ལང་གི་གནད་དོན་འདིའི་ཐད་གཏམ་བཤད་བྱེད་དབང་རྩ་བ་ནས་མེད་ཟེར།

ལ་ཧྥུའུ་ལའོ་ཧྥུའུ་ཡིས་ཨ་མེ་རི་ཁས་ཕྱོགས་རྐྱང་པའི་བཀག་སྡོམ་བྱས་པ་ནི་རྦད་དེ་ཁྲིམས་འགལ་ཞིག་རེད། གལ་ཏེ་ཨ་མེ་རི་ཁས་མུ་མཐུད་དུ་བཀག་སྡོམ་བྱེད་ཐབས་སྤྱད་དེ་དབྱི་ལིང་དང་མཉམ་ལས་ཀྱི་འབྲེལ་བ་ཡོད་པའི་རྒྱལ་ཁབ་ལ་འཇིགས་སྐུལ་བྱས་ན་ཡ་མཚན་སྐྱེ་དགོས་དོན་ཅི་ཡང་མེད། རྒྱུ་མཚན་ནི་ཨ་མེ་རི་ཁས་དུས་རྒྱུན་དུ་འཛམ་གླིང་ཡོངས་ལ་བཀག་སྡོམ་བྱེད་ཐབས་སྤྱོད་པ་དང་སྐབས་འགར་ཐ་ན་རྒྱུ་མཚན་ཅི་ཡང་མེད་པའི་སྒོ་ནས་གང་བྱུང་དུ་བཀག་སྡོམ་བྱེད་ཐབས་སྤྱོད་ཀྱིན་ཡོད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་འདིའི་ཚེས་བཅུ་དགུ་ཉིན་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་སྟོང་གཉིས་དང་ཉིས་བརྒྱ་སོ་གཅིག་པའི་ནང་དུ། བཀག་སྡོམ་མགྱོགས་མྱུར་སླར་གསོ་བྱེད་པའི་ལམ་སྲོལ་ལ་གཞིགས་ན། ཉིས་སྟོང་བཅོ་ལྔ་ལོའི་དབྱི་ལང་གི་ཉིང་རྡུལ་གནད་དོན་དང་འབྲེལ་བའི་ཕྱོགས་ཡོངས་ཀྱི་གྲོས་མཐུན་མ་བཞག་གོང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་ལང་ལ་བཀག་སྡོམ་བྱ་རྒྱུའི་གྲོས་མཐུན་བཞག་པ་དེ། ཨ་མེ་རི་ཁའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་བཅུ་དགུ་ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་པའི་སྟེང་སླར་གསོ་ཐུབ་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།