ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྒྱལ་ཁབ་སོ་སོས་མཉམ་དུ་འཛམ་གླིང་བཅོས་སྐྱོང་ལེགས་བསྒྱུར་བྱེད་པར་འབད་འཐབ་བྱེད་རྒྱུའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕན་འབྲས་སྔར་ལས་མཐོ་བའི་ཕྱོགས་མང་རིང་ལུགས་དགོས་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོས་ངེས་པར་དུ་མཉམ་དུ་འབད་འཐབ་བྱས་ནས། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ལེགས་བསྒྱུར་བྱེད་དགོས་ཟེར།

ཀུའུ་ཐི་ལེ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་འཁོར་དོན་ལྔ་ལོན་པའི་རྗེས་དྲན་མཐོ་རིམ་གྲོས་ཚོགས་སྟེང་གཏམ་བཤད་ནས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ནི་དཀའ་ངལ་མང་པོ་བརྒྱུད་དེ་བཙུགས་པ་ཡིན་ལ། འཛམ་གླིང་གི་འགོ་ཁྲིད་མི་སྣས་སྐབས་དེ་ནས་བཟུང་རྒྱལ་སྤྱིའི་མཉམ་ལས་དང་ཁྲིམས་སྐྱོང་ཐད་འབད་འཐབ་བྱེད་ཀྱིན་ཡོད། འདས་པའི་ལོ་ངོ་བཅུ་ཕྲག་ལྷག་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེ་སྲོལ་ཡིག་འགོད་པ་དང་ཞི་བདེ་སྲུང་སྐྱོབ་བྱེད་པ། མི་སེར་སྤེལ་ཡུལ་མིན་པ་དང་རིགས་རྒྱུད་ལོགས་བཀར་ཐད་ཀྱི་རྒྱལ་ཁ་ལེན་པ། རིམས་ནད་མེད་པར་བྱེད་པ། ལྟོགས་སྡུག་ཇེ་ཉུང་དུ་གཏོང་བ། རྒྱལ་སྤྱིའི་བཅའ་ཁྲིམས་འཐུས་ཚང་དུ་གཏོང་བ་སོགས་ནང་དུ་འདུ་བའི་ཁྱབ་ཁོངས་མང་པོ་ནས་གྲུབ་འབྲས་བླངས་པ་དང་། ལྷག་པར་དུ་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་དང་པ་ལི་ནམ་ཟླའི་གྲོས་མཐུན་ལ་གྲོས་འཆམ་བྱུང་བ་བརྒྱུད་དེ། དུས་རབས་ཉེར་གཅིག་པར་མི་སེམས་འགུལ་བའི་མདུན་ལྗོངས་འདོན་སྤྲོད་བྱས་ཟེར།

མདུན་དུ་ལྷགས་པའི་འགྲན་རྩོད་གླེང་སྐབས། ཀུའུ་ཐི་ལེ་སི་ཡིས་བསྟན་དོན། པེ་ཅིང་སྒྲོག་གཏམ་དང་འགུལ་སྐྱོད་རྩ་གནད་ལ་གྲོས་འཆམ་བྱུང་བའི་ལོ་ངོ་ཉེར་ལྔའི་རིང་ལ། ཕོ་མོ་འདྲ་མཉམ་མིན་པ་སྔར་བཞིན་འཛམ་གླིང་ཡོངས་ཀྱི་མི་དབང་གི་མདུན་དུ་ལྷགས་པའི་འགྲན་རྩོད་ཆེས་ཆེན་པོ་ཡིན་པ་དང་། ནམ་ཟླའི་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན། ས་མཐའི་ཆབ་སྲིད་བྲེལ་མྱུར་ཆེ་བ་སོགས་ཀྱི་གནད་དོན་ད་དུང་གནས་ལ། པྲོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་གི་ཞན་ཆ་ཕྱིར་མངོན་པར་བྱས་ཡོད་ཟེར།

ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར། དེང་སྐབས་འཛམ་གླིང་ལ་མིག་རྒྱང་རིང་བ་དང་ཤན་ཤུགས་ལྡན་པའི་ཕན་འབྲས་སྔར་ལས་མཐོ་བའི་ཕྱོགས་མང་རིང་ལུགས་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་ཕྱོགས་མང་འགྲན་རྩོད་མང་པོ་ཡོད་ན་ཡང་། ཕྱོགས་མང་གི་ཐག་གཅོད་ཇུས་གཞི་མེད་པས། ངེས་པར་དུ་མཉམ་དུ་འབད་འཐབ་བྱས་ནས། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ལེགས་བསྒྱུར་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།