ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱིས་ཀྲུང་གོས་རོགས་སྐྱོར་བྱས་པའི་བྲེལ་མྱུར་མིན་པའི་མི་ཆོས་རིང་ལུགས་ཀྱི་དངོས་རྫས་དང་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོས་ཨ་ཧྥུའུ་ཧན་ལ་རོགས་སྐྱོར་བྱེད་པའི་བྲེལ་མྱུར་མིན་པའི་མི་ཆོས་རིང་ལུགས་ཀྱི་དངོས་རྫས་བརྒྱུད་སྤྲོད་བྱེད་པའི་མཛད་སྒོ་ཚེས་ཉི་ཤུ་ཉིན་ཁཱ་པོར་ནས་སྤེལ། ཨ་ཧྥུའུ་ཧན་རྒྱལ་ཁབ་གནོད་འཚེའི་དོ་དམ་དང་མི་ཆོས་རིང་ལུགས་ལས་དོན་གྱི་པུའུ་ཀྲང་ཅི་ལཱ་ནེ་ཡིས་ཨ་ཧྥུའུ་ཧན་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་གོའི་རོགས་སྐྱོར་དངོས་རྫས་དང་ལེན་བྱས། 

ཅི་ལཱ་ནེ་ཡིས་བརྒྱུད་སྤྲོད་མཛད་སྒོའི་སྟེང་ཨ་ཧྥུའུ་ཧན་སྲིད་གཞུང་དང་མི་རིགས་ཀྱི་ཚབ་བྱས་ཏེ། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་ཞལ་འདེབས་ཕུལ་བར་བཀའ་དྲིན་ཞུས་པར་མ་ཟད། དངོས་རྫས་དེ་དག་མངོན་གསལ་གྱི་ཐབས་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་སོའི་དགོས་མཁོ་ཡོད་པའི་མི་དམངས་ལ་སྟེར་རྒྱུ་ཁས་ལེན་བྱས། 

ཨ་ཧྥུའུ་ཧན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ཡུས་ཀྱིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥུའུ་ཧན་ནི་ཁྱིམ་མཚེས་གྲོགས་པོའི་རྒྱལ་ཁབ་བཟང་བོ་ཡིན་པ་དང་། ནམ་རྒྱུན་ཕན་ཚུན་རོགས་འདེགས་བྱེད་བཞིན་ཡོད། ཕྱིན་ཆད་ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་ཨ་ཧྥུའུ་ཧན་ལ་དགོས་མཁོ་ཡོད་དུས་རང་ནུས་ཅི་ལྕོགས་ཀྱི་རོགས་སྐྱོར་བྱེད་རྒྱུ་ཡིན་ལ། ཀྲུང་གོའི་ཁེ་ལས་དག་ཨ་ཧྥུའུ་ཧན་གྱི་དཔལ་འབྱོར་བསྐྱར་འཛུགས་ནང་ཧུར་ཐག་གིས་ཞུགས་པར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཨ་ཧྥུའུ་ཧན་གྱི་མཉམ་ལས་བྱས་ཏེ་བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མང་ཚོགས་ལ་ཁེ་ཕན་འབྱུང་དུ་འཇུག་རྒྱུ་ཡིན་ཟེར། 

ཐེངས་འདིར་བརྒྱུད་སྤྲོད་བྱེད་པའི་དངོས་རྫས་ལ་རས་གུར་དང་བལ་སྟན། འཚོ་བའི་མཁོ་དངོས་སོགས་འདུས། ཨ་ཧྥུའུ་ཧན་གྱི་གནོད་འཚེའི་འཕྲལ་སྒྲུབ་ནུས་པ་ཇེ་མཐོར་གཏོང་བ་དང་། གནོད་ཐེབས་མང་ཚོགས་ལ་སྡོད་ཁང་ཡོད་པར་ཁག་ཐག་བྱེད་རྒྱུ་རེད། 

ཟླ་བརྒྱད་པའི་ཟླ་སྨད་དུ། ཨ་ཧྥུའུ་ཧན་གྱི་ཤར་ཕྱོགས་ས་ཁུལ་དུ་ཆར་བ་དྲག་པོ་བབས་ཏེ་ཆུ་ལོག་གི་གནོད་འཚེ་བྱུང་། ཟླ་བརྒྱད་པའི་ཚེས་ཉེར་ལྔའི་ཚུན་ལ། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཞིང་ཆེན་བཅུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་བྱུང་སྟེ། ཉུང་མཐར་ཡང་མི་བརྒྱ་དང་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་ཞེ་བདུན་ལ་རྨས་ཕོག་ཡོད་ལ། མི་མང་བོ་གར་སོང་རྙེད་མེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།