ནེ་ཀྲི་རི་ཡཱའི་སྤྱི་སྤྱོད་རླངས་འཁོར་ཞིག་གཙང་བོར་ལྷུང་ནས་ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་དགུའི་ཉིན། ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། རྒྱལ་ཁབ་དེའི་ལྷོ་ཕྱོགས་ཀྱི་ཨེ་པང་དབྱེ་མངའ་སྡེ་ནས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་སྤྱི་སྤྱོད་རླངས་འཁོར་ཞིག་གཙང་བོར་ལྷུང་བའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། རྒུད་སྐྱོབ་མི་སྣས་མིག་སྔར་འདས་པོའི་བེམ་པོ་བཅུ་བཞི་རྙེད་པ་དང་། གཞན་ཡང་མི་ལྔའི་སྲོག་བསྐྱབས། སྲོག་ཉེན་ལས་བསྐྱབས་པའི་མི་གཅིག་ད་ལྟའི་བར་བརྒྱལ་བ་ལས་སངས་མེད་པ་དང་། སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། མིག་སྔར་ད་རུང་དོན་རྐྱེན་དེ་འབྱུང་སྐབས་རླངས་འཁོར་སྟེང་དུ་བྱེ་བྲག་ཏུ་འགྲུལ་བ་ག་ཚོད་ཡོད་པ་གསལ་བོར་མི་ཤེས་པ་དང་། སྔོག་བཤེར་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད། 

ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། དོན་རྐྱེན་བྱུང་སྐབས། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་དེ་སྔོན་གྱི་དངོས་སྐྱེལ་རླངས་འཁོར་ཞིག་གི་སྔོན་དུ་འབུད་རྩིས་བྱེད་སྐབས། ཁ་ལོ་བྱེད་སྟབས་མ་བདེ་བར་སྤྱི་སྤྱོད་རླངས་འཁོར་དེ་གཙང་བོའི་ནང་ལྷུང་བ་རེད་ཟེར།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།