ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་སོ་སོའི་སྔོན་ཆད་ཀྱི་ཆབ་སྲིད་མགོ་ཁྲིད་པ་ཞེ་བརྒྱད་ཀྱིས་སྔར་ལས་སྟོབས་དང་ལྡན་ཞིང་བཟོད་སྒོམ་ཆེ་བའི་ཕྱོགས་མང་རིང་ལུགས་ཀྱི་མ་ལག་འཛུགས་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་ལྔ་བའི་མཐོ་རིམ་གྲོས་ཚོགས་རབ་དང་རིམ་པ་མ་བསྡུས་གོང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་སོ་སོའི་སྔོན་ཆད་ཀྱི་ཆབ་སྲིད་མགོ་ཁྲིད་པ་ཞེ་བརྒྱད་ཀྱིས་ཉེ་སྔོན་ཡོངས་བསྒྲགས་འཕྲིན་ཡིག་སྟེང་མིང་བཀོད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧུར་ཐག་སྒོས་སྔར་ལས་སྟོབས་དང་ལྡན་ཞིང་བཟོད་སྒོམ་ཆེ་བའི་ཕྱོགས་མང་རིང་ལུགས་ཀྱི་མ་ལག་ཅིག་འཛུགས་དགོས་པའི་འབོད་སྐུལ་བཏང་། 

སྔོན་ཆད་ཀྱི་ཆབ་སྲིད་མགོ་ཁྲིད་པ་དེ་དག་གིས་ཚེས་བཅོ་བརྒྱད་ཉིན་ཁ་ཡིག་ལ་བསྐྱར་དར་དུས་སྐབས་ཏེ་ཕྱོགས་མང་མ་ལག་ལ་ཤུགས་སྣོན་པའི་འབོད་སྐུལ་ཞེས་པའི་ཡོངས་བསྒྲགས་འཕྲིན་ཡིག་ཁྲོད་དུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་གོ་གསུམ་གྱིས་གྲུབ་པའི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་དོན་ལྔ་འགོར་བའི་གོ་སྐབས་བེད་སྤྱོད་བྱས་ཏེ། སྔར་ལས་སྟོབས་ལྡན་དང་ཁག་ཁུར་ཡོད་པ། སྔར་ལས་བཟོད་སྒོམ་ལྡན་པའི་ཕྱོགས་མང་མ་ལག་ཅིག་འཛུགས་པར་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཡོངས་བསྒྲགས་འཕྲིན་ཡིག་ལས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་སྙིང་བོར་བྱས་པའི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་རྐྱེན་སྲོལ་སྒྲོམ་གཞིའི་ནང་ངེས་པར་དུ་འབད་བརྩོན་ཆེན་པོ་བྱས་ཏེ། དགོས་ངེས་ཀྱི་མཛུབ་སྟོན་དང་ཐབས་ཇུས་འདོན་སྤྲོད་བྱས་ནས། གཅིག་ལ་གཅིག་བརྟེན་གྱི་འཛམ་གླིང་ཁྲོད་མིའི་རིགས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་འབྱུང་ཐུབ་པར་འགན་སྲུང་བྱེད་དགོས་ཟེར། 

ཡོངས་བསྒྲགས་འཕྲིན་ཡིག་ལས་བཤད་རྒྱུར། ནམ་ཟླའི་འགྱུར་ལྡོག་ནས་འགྲོ་མིའི་ཐོབ་ཐང་། ཕོ་མོ་དང་རིགས་རྒྱུད་འདྲ་མཉམ། རྒྱུན་མཐུད་འཕེལ་རྒྱས་ནས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་བར་དུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན། ཕཱ་རེ་སིའི་ནམ་ཟླའི་གྲོས་ཆོད་བཅས་ཐད་ཀྱི་ཁས་ལེན་དམ་བཅའ་བརྩི་སྲུང་ནན་མོ་བྱེད་དགོས་ཟེར། 

ཡོངས་བསྒྲགས་འཕྲིན་ཡིག་ལས་ནན་གྱིས་བསྟན་དོན། མིའི་རིགས་འཕེལ་རྒྱས་ཀྱི་དཀྱོགས་མཚམས་ཤིག་ཏུ་གནས་ཡོད་པས། ངེས་པར་དུ་འགུལ་སྐྱོད་སྤེལ་ནས། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་དང་དར་སྤེལ་བྱེད་དགོས་ལ། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉམས་སད་ཆེན་མོའི་མདུན་ནས་རྒྱལ་ཁབ་སོ་སོས་ངེས་པར་དུ་མགོ་ཁྲིད་ལ་ཤུགས་སྣོན་བྱས་ཏེ་ཕན་ནུས་ལྡན་པའི་འཛམ་གླིང་ཡོངས་ཀྱི་མཉམ་ལས་སྤེལ་དགོས་ཟེར། 

ཡོངས་བསྒྲགས་འཕྲིན་ཡིག་སྟེང་མིང་འགོད་མཁན་ལ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་གསུམ་པའི་ཀྲུའུ་ཞི་ཨེ་སི་ཕིས་ནོའུ་སཱ་དང་། ཨིར་ལན་སྔོན་ཆད་ཀྱི་ཙུང་ཐུང་མཱ་ལོས་ལུའུ་པེན་ཞོན། ཨོ་སི་ཁྲུ་རི་ཡཱའི་སྔོན་ཆད་ཀྱི་ཙུང་ལི་ལུའུ་ཁི་ཝུན། ནེའུ་ཙེ་ལན་སྔོན་ཆད་ཀྱི་ཙུང་ལི་ཧེ་ལོན་ཁི་ལཱ་ཁི། དབྱིན་ཇིའི་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་ཀི་ཏིན་པུའུ་ལིང་། ཧྥུན་ལན་སྔོན་ཆད་ཀྱི་ཙུང་ཐུང་ཐཱ་ལི་ཡཱ་ཧཱ་ལོ་ཉིང་སོགས་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིན་མོ་མ་ཐོན་གོང་། ཡོངས་བསྒྲགས་འཕྲིན་ཡིག་དེར་མི་སྔར་ལས་མང་བོས་མིང་འགོད་དུ་འཇུག་རྒྱུ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།