ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཡོ་རོབ་གླིང་དོན་གཅོད་ཁང་གིས་མཉམ་ལས་མཐུན་སྦྱོར་ལ་བརྟེན་ནས་པྲོག་གསར་གློ་ཚད་རིམས་ནད་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཡོ་རོབ་གླིང་དོན་གཅོད་ཁང་གི་ཀྲུའུ་རིན་ཁི་ལུའུ་ཀི་ཡིས་ཚེས་བཅུ་བདུན་ཉིན་བསྟན་དོན། ཡོ་རོབ་གླིང་རྒྱལ་ཁབ་དག་གིས་མཉམ་ལས་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཤིང་། ཚན་རིག་དང་མཐུན་པའི་རྣམ་འགྱུར་གྱིས་པྲོག་གསར་གློ་ཚད་རིམས་ནད་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར། 

ཁི་ལུའུ་ཀི་ཡིས་ཉིན་དེར་ཀི་པིན་ཧཱ་ཀིན་ནས་སྤེལ་བའི་དྲ་ཐོག་གི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འདས་པའི་གཟའ་འཁོར་གཅིག་གི་ནང་ཡོ་རོབ་གླིང་གི་ས་ཁུལ་སོ་སོར་གསར་དུ་བྱུང་བའི་ནད་པ་འབུམ་གསུམ་ལས་བརྒལ་ཡོད་པ་དང་། དེའི་ནང་ཕྱེད་ཀའི་ཡན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཡོ་རོབ་གླིང་ས་ཁོངས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ནས་གསར་དུ་བྱུང་བའི་ནད་པ་ཡིན་ལ། བསྡུར་ཚད་བརྒྱ་ཆའི་བཅུ་ལས་བརྒལ་ཡོད་པ་དང་། རྒྱལ་ཁབ་བདུན་གྱི་གསར་བྱུང་ནད་པ་ལྡབ་གཅིག་གིས་ཇེ་མང་དུ་སོང་ཡོད་ཟེར། ཁོས་བཤད་རྒྱུར། ཡོ་རོབ་གླིང་ས་ཁུལ་གྱི་གཟའ་འཁོར་རེའི་གསར་བྱུང་ནད་པའི་ཁ་གྲངས་ད་ལོའི་ཟླ་གསུམ་པའི་རིམས་ནད་ཚབས་ཆེ་བའི་སྐབས་ལས་བརྒལ་ཡོད་པས། ང་ཚོ་མི་ཚང་མས་དོགས་ཟོན་མཐོར་འདེགས་བྱེད་དགོས་ཟེར། 

ཁི་ལུའུ་ཀི་ཡིས་བཤད་རྒྱུར། པྲོག་གསར་ནད་དུག་དེ་ཡོ་རོབ་གླིང་ས་ཁུལ་དུ་ཕན་ཚུན་འགོ་བར་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་ཅིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ས་ཁོངས་དེའི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཐུན་སྦྱོར་གཅིག་གྱུར་བྱས་ཤིང་། ཚན་རིག་དང་མཐུན་པའི་རྣམ་འགྱུར་བཟུང་སྟེ་མཉམ་དུ་འགོག་བཅོས་བྱེད་དགོས་པ་དང་། ཁྱད་པར་དུ་ཁ་ཁར་བྱེད་པ་སོགས་ཀྱི་བྱེད་ཐབས་འདོན་པའི་ཐད་སྟོབས་ཤུགས་འདོན་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། ཁ་ཁར་བྱེད་པའི་ཐབས་ནི་པྲོ་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་རྨང་རྡོ་ལྟ་བུ་ཡིན་པས། ངེས་པར་དུ་ལེགས་སྒྲིག་བྱས་ནས་དྲིལ་སྒྲོག་གང་ལེགས་བྱེད་དགོས་པ་ལས་སྣང་མེད་དུ་གཏན་ནས་བསྐྱུར་མི་རུང་ཟེར།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།