ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་ཉི་ཤུ་ལོའི་མདུང་རྩེ་གསུམ་ཞེས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཝུའུ་ཁི་ལན་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚབ་མིང་ལ་ཉིས་སྟོང་ཉི་ཤུ་ལོའི་མདུང་རྩེ་གསུམ་ཞེས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཚེས་བཅུ་བདུན་ཉིན་ཝུའུ་ཁི་ལན་ནུབ་ཕྱོགས་ཀྱི་ལེ་བོ་ཧྥུའུ་ཀྲིག་ནས་སྤེལ་མགོ་བརྩམས། 

ཝུའུ་ཁི་ལན་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཉིན་དེར་དམག་དོན་སྦྱོང་བརྡར་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། དམག་དཔུང་གི་ཝུའུ་ཁི་ལན་རྒྱལ་ཁབ་སྒེར་ཚུགས་ཡིན་པའི་ཆ་ནས་བདེ་འཇགས་དང་ཞི་བདེ། རང་དབང་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འགན་སྲུང་ཡིན། སྒྲིག་ཆས་ཆ་ཚང་ཞིང་བྱང་ཚད་ལྡན་པའི་དེང་རབས་ཅན་གྱི་དམག་དཔུང་ཞིག་འཛུགས་སྐྲུན་བྱེད་པ་ནི་ཐོག་མའི་གནད་གཙོ་བོ་ཡིན་ཟེར། 

ཙེ་ལེན་སི་ཅི་ཡིས་བསྟན་དོན། བྱང་ཆིངས་རྩ་འཛུགས་ནང་ཞུགས་པ་ནི་ཝུའུ་ཁི་ལན་གྱི་འཐབ་ཇུས་ཁ་ཕྱོགས་ཡིན་པ་དང་། ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་ཝུའུ་ཁི་ལན་དམག་དཔུང་དང་བྱང་ཆིངས་རྩ་འཛུགས་ཀྱི་གྲོགས་པོའི་རྒྱལ་ཁབ་བར་རོགས་ལས་འཐབ་འཛིང་བྱེད་པའི་ནུས་པ་ཇེ་མཐོར་གཏོང་བར་ཕན་ཐོགས་ཡོད་ཟེར། 

ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་ཚེས་ཉེར་ལྔའི་བར་སྤེལ་རྒྱུ་ཡིན་པ་དང་། ཝུའུ་ཁི་ལན་དང་ཨ་མེ་རི་ཁ། དབྱིན་ཇི། འཇར་མན། ཏན་མག ཁཱ་ནཱ་ཏཱ། ཕོ་ལན། ལི་ཐའོ་ཝན། རོ་མཱ་ནི་ཡཱ་བཅས་རྒྱལ་ཁབ་དགུའི་དམག་དོན་མི་སྣ་སྟོང་བཞི་ལྷག་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད། 

ཝུའུ་ཁི་ལན་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་ལྔའི་ཉིན་བར་ཝུའུ་ཁི་ལན་གྱིས་ད་རུང་ཨ་མེ་རི་ཁ་དང་དབྱིན་ཇི་སོགས་རྒྱལ་ཁབ་དང་མཉམ་དུ་ཚབ་མིང་ལ་ཉིས་སྟོང་ཉི་ཤུ་ལོའི་མཉམ་འབྲེལ་སྟོབས་ཤུགས་ཞེས་པའི་འཐབ་ཇུས་བཀོད་འདོམ་སྦྱོང་བརྡར་སྤེལ་རྒྱུ་རེད། 

ཉིས་སྟོང་ཉི་ཤུ་ལོའི་མདུང་རྩེ་གསུམ་ཞེས་པ་ནི་བྱང་ཆིངས་རྩ་འཛུགས་ཀྱི་གྲོགས་པོའི་འབྲེལ་བའི་འཆར་གཞིའི་སྒྲོམ་གཞིའི་འོག་སྤེལ་བའི་དམག་དོན་སྦྱོང་བརྡར་ཅིག་ཡིན་པ་དང་། ཉིས་སྟོང་དྲུག་ལོ་ནས་བཟུང་ཝུའུ་ཁི་ལན་ནས་སྤེལ་མགོ་བརྩམས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།