ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་ཞི་ལཱའི་བར་གྱི་གྲོས་མོལ་སླར་གསོ་བྱེད་པར་རེ་བས་ཁེངས་ཡོད་པར་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅོ་བརྒྱད་ཉིན། ཐུར་ཁེའི་ཙུང་ཐུང་གི་མགྲིན་ཚབ་པ་ཁཱ་ལིན་གྱིས་་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱི་སྔོག་བཤེར་གྲུ་གཟིངས་ཨོ་ལུའུ་ཆི་ལོས་དབྱེ་སི་རྟགས་ཅན་དེ་ཕྱིར་ཐུར་ཁེའི་གྲུ་ཁར་འབྱོར་ཡོད་པ་དང་། ཐུར་ཁེའི་ཕྱོགས་ཀྱིས་ཞི་ལཱ་ཡིས་གོ་སྐབས་དེ་དམ་འཛིན་བྱས་ཏེ་ཐུར་ཁེ་དང་མཉམ་དུ་ས་དཀྱིལ་མཚོ་ཁོངས་ཤར་མའི་ཐོན་ཁུངས་སྔོག་འདོན་བྱེད་པའི་ཐད་ནས་གྲོས་མོལ་སླར་གསོ་བྱེད་པའི་རེ་བ་ཡོད་ཟེར། 

ཨོ་ལུའུ་ཆི་ལོས་དབྱེ་སི་རྟགས་ཅན་གྱི་གྲུ་གཟིངས་དེས་ཟླ་བརྒྱད་པའི་ཚེས་བཅུ་ཉིན་ནས་བཟུང་ས་དཀྱིལ་མཚོ་ཁོངས་ཤར་མའི་ཐུར་ཁེ་དང་ཞི་ལཱའི་རྩོད་གཞིར་གྱུར་བའི་མཚོ་ཁོངས་སུ་རང་བྱུང་སོལ་རླངས་དང་རྡོ་སྣུམ་སྔོག་བཤེར་བྱས། ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་ཐེངས་མང་བོར་ཡུན་ཚད་ཇེ་རིང་དུ་བཏང་བའི་སྔོག་བཤེར་མཇུག་སྒྲིལ་ནས། ཐུར་ཁེའི་ལྷོ་ཕྱོགས་ཀྱི་ཨན་ཐཱ་ལེ་ཡཱ་ཞིང་ཆེན་དུ་ལོག་པ་རེད། 

ཁཱ་ལིན་གྱིས་ཚེས་བཅོ་བརྒྱད་ཉིན་རིག་མཛོད་ཀྱི་ཡོ་རོབ་གླིང་ཕྱི་ཕྱོགས་འབྲེལ་བའི་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་པའི་དྲ་ཐོག་བརྗེ་རེས་ཚོགས་འདུའི་སྟེང་བཤད་རྒྱུར། ཨོ་ལུའུ་ཆི་ལོས་དབྱེ་སི་རྟགས་ཅན་གྱི་གྲུ་གཟིངས་དེ་ཕྱིར་ཨན་ཐཱ་ལེ་ཡཱའི་གྲུ་ཁར་འབྱོར་ཡོད་པ་དང་། ཞི་ལཱ་ཕྱོགས་ཀྱིས་གོ་སྐབས་དེ་བེད་སྤྱད་ནས་གང་མགྱོགས་སྒོས་ཐུར་ཁེའི་བར་གྱི་འཚོལ་ཞིབ་རང་བཞིན་གྱི་གྲོས་མོལ་སླར་གསོ་བྱེད་དགོས། ཟླ་དགུ་བའི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་ལྔའི་བར་གྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སུ་གྲོས་མོལ་བྱས་ན་འཚམ་པར་བསམ་ཡོད་ཟེར། 

ཁཱ་ལིན་གྱིས་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་ཞི་ལཱ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་བར་རྣམ་པ་གསར་བ་འབྱུང་བར་རེ་བཞིན་ཡོད་ལ། རེ་བ་དེ་མངོན་འགྱུར་འབྱུང་བར་ཡིད་ཆེས་ཡོད། ང་ཚོས་མིག་སྔའི་སྣང་ཚུལ་བཟང་བོ་དེ་ང་ཚོས་མ་འོངས་པའི་གཟའ་འཁོར་འགའི་ནང་གྲོས་མོལ་སླར་གསོ་བྱས་ནས་ཐུན་མོང་གི་ལྟ་ཚུལ་འགོད་པར་ཕན་ཐོགས་ཡོད་ཟེར། 
ཞི་ལཱའི་སྲིད་གཞུང་གི་མགྲིན་ཚབ་པ་ཕའེ་ཁྲ་སི་ཡིས་ཚེས་བཅུ་བདུན་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་ཨོ་ལུའུ་ཆི་ལོས་དབྱེ་སི་རྟགས་ཅན་གྱི་གྲུ་གཟིངས་ཕྱིར་འཐེན་བྱས་པ་ནི་རྣམ་འགྱུར་བཟང་བོ་ཞིག་ཡིན་ཡང་། ས་དཀྱིལ་མཚོ་ཁོངས་ཤར་མའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་ངེས་པར་དུ་མུ་མཐུད་དུ་འབད་བརྩོན་བྱེད་དགོས་ཟེར། 

ཕའེ་ཁྲ་སི་ཡིས་བཤད་རྒྱུར། གལ་ཏེ་ཐུར་ཁེ་ཕྱོགས་ཀྱིས་གནས་བབ་ཞི་འཇགས་སུ་གཏོང་འདོད་ཡོད་ན། ཞི་ལཱ་ཡིས་ཐུར་ཁེ་དང་མཉམ་དུ་མཚོ་ཁོངས་ཀྱི་རྒྱལ་མཚམས་བགོ་བའི་ཐད་ནས་གྲོས་མོལ་བྱེད་འདོད་ཡོད་ཀྱང་། གྲོས་མོལ་དེ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་གསུམ་པར་ཐུར་ཁེ་ཕྱོགས་ཀྱི་ནོར་འཆུག་དབང་གིས་མཚམས་བཞག་པ་རེད་ཟེར། 

ཞི་ལཱ་དང་ཐུར་ཁེ་ཡིས་གཟའ་འཁོར་རྗེས་མར་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་མ་བསྡུས་གོང་གྲོས་མོལ་བྱེད་མིན་འདྲི་སྐབས་ཕའེ་ཁྲ་སི་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བློ་འདོན་བར་གྱི་འབྲེལ་འདྲིས་སྒོ་གླེགས་ཡངས་པོར་ཕྱེས་ཡོད། གལ་ཏེ་རྒྱལ་ཁབ་གཉིས་ཀྱིས་གྲོས་མོལ་བྱེད་ན་གནད་འགག་ནི་ཐུར་ཁེ་ཕྱོགས་ཀྱིས་མུ་མཐུད་དུ་གནས་བབ་ཞི་འཇགས་སུ་གཏོང་མིན་དེ་ཡིན་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉེ་སྔོན་ཐེངས་མང་བོར་ཐུར་ཁེ་ཡིས་མྱུར་དུ་སྔོག་བཤེར་བྱ་བ་མཚམས་བཞག་ནས་ཞི་ལཱའི་བར་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་། གཟའ་འཁོར་རྗེས་མར་སྤེལ་རྒྱུར་གཏན་འཁེལ་བྱས་ཡོད་པའི་མཐོ་རིམ་གྲོས་ཚོགས་ནས་ས་དཀྱིལ་མཚོ་ཁོངས་ཤར་མའི་གནས་བབ་ཐད་ནས་ཐུར་ཁེ་ལ་བཀག་སྡོམ་བྱེད་མིན་ལ་གྲོས་བསྡུར་བྱེད་རྒྱུ་གཏན་འཁེལ་བྱས་ཡོད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།