ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་ཁཱ་ཐར་དེ་བྱང་ཆིངས་རྩ་འཛུགས་མ་ཡིན་པའི་མནའ་མཐུན་གྲོགས་པོར་ངོས་འཛིན་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་བདུན་ཉིན། ཨ་མེ་རི་ཁའི་སྲིད་གཞུང་གི་མཐོ་རིམ་དཔོན་པོ་ཞིག་གིས་བཤད་རྒྱུར། ཨ་མེ་རི་ཁས་ཁཱ་ཐར་རྒྱལ་ཁབ་དེ་བྱང་ཆིངས་རྩ་འཛུགས་མ་ཡིན་པའི་མནའ་མཐུན་གྲོགས་པོར་ངོས་འཛིན་བྱེད་འདོད་ཡོད་ལ། བྱང་ཆིངས་རྩ་འཛུགས་མ་ཡིན་པའི་མནའ་མཐུན་གྲོགས་པོའི་གོ་གནས་ལས་ཁཱ་ཐར་གྱི་འགོག་སྲུང་དང་བདེ་འཇགས་མཉམ་ལས་ཁྱབ་ཁོངས་སུ་སྔར་ལས་ལྷག་པའི་ཁེ་ཕན་བསྐྲུན་ངེས་རེད་ཟེར། 

ཨ་མེ་རི་ཁའི་མཚོ་ཁུགས་ལས་དོན་གྱི་འགན་ཁུར་བའི་རྒྱལ་སྲིད་བློན་ཆེན་གྱི་ལས་རོགས་པ་ལོན་ཏི་ཅིན་གྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ང་ཚོས་ཁཱ་ཐར་རྒྱལ་ཁབ་དེ་བྱང་ཆིངས་རྩ་འཛུགས་མ་ཡིན་པའི་མནའ་མཐུན་གྲོགས་པོར་ངོས་འཛིན་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེ་ཕིན་ཕའེ་ཨོ་དང་ཁཱ་ཐར་གྱི་ཕྱི་འབྲེལ་བློན་ཆེན་ཨ་ལེ་སཱ་ནེ་བཅས་རྒྱལ་ཁབ་གཉིས་ཀྱི་དཔོན་རིགས་ཀྱིས་གཟའ་འཁོར་འདིའི་ནང་ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་ནས་གྲོས་མོལ་བྱས། 

ཨ་མེ་རི་ཁའི་འདོད་བློའི་ཐད་ནས་ཁཱ་ཐར་སྲིད་གཞུང་གི་གསར་འགྱུར་གཞུང་སྒྲུབ་ཁང་གིས་གནས་སྐབས་སུ་གསར་འགོད་པའི་དྲི་བར་ལན་བཏབ་མེད། 

བྱང་ཆིངས་རྩ་འཛུགས་མ་ཡིན་པའི་མནའ་མཐུན་གྲོགས་པོའི་གོ་གནས་ལས་རྒྱལ་ཁབ་དེར་ཨ་མེ་རི་ཁའི་དམག་དོན་སྒྲིག་ཆས་དང་ལག་རྩལ་ཐོག་མར་ཐོབ་ཐུབ་པ་དང་། རིན་མེད་དུ་རྒྱུ་ཆ་བེད་སྤྱོད་བྱེད་པ། ཨ་མེ་རི་ཁར་ཕྱིར་གཏོང་གི་འཕེལ་རིམ་མགྱོགས་པ། གསོ་སྦྱོང་མཉམ་ལས་ཐོག་མར་སྤེལ་བ་སོགས་འདུས། མིག་སྔར་ཨ་མེ་རི་ཁས་རྒྱལ་ཁབ་བཅུ་བདུན་བྱང་ཆིངས་རྩ་འཛུགས་མ་ཡིན་པའི་མནའ་མཐུན་གྲོགས་པོར་ངོས་འཛིན་བྱས་ཡོད་པ་དང་། དེའི་ནང་མཚོ་ཁུགས་རྒྱལ་ཁབ་ཁི་ཝེ་ཐི་དང་པཱ་ལིན་ཀྱང་འདུས། ཨ་མེ་རི་ཁའི་མཚོ་དམག་གི་གྲུ་གཟིངས་རུ་ཁག་ལྔ་བ་དུས་ཡུན་རིང་བོར་པཱ་ལིན་དུ་བཅའ་སྡོད་བྱས་ཡོད། 

ཁཱ་ཐར་གྱི་ཝུའུ་ཏའེ་ཏི་མཁའ་དམག་རྟེན་གཞི་ནི་ཨ་མེ་རི་ཁའི་དབུས་ཤར་ས་ཁུལ་གྱི་མཁའ་དམག་རྟེན་གཞི་གཙོ་བོ་ཞིག་ཡིན་པ་དང་། ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གི་མདུན་གྲལ་གྱི་བཀོད་འདོམ་ལྟེ་གནས་ཀྱང་ཡིན། ཧ་ལམ་ཨ་མེ་རི་ཁའི་དམག་མི་ཁྲི་གཅིག་ཙམ་དང་དམག་དོན་གནམ་གྲུ་བརྒྱ་ཙམ་བཀོད་སྒྲིག་བྱས་ཡོད། སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པཱ་ལིན། ཨེ་ཅིབ་བཅས་རྒྱལ་ཁབ་བཞི་ཡིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་དྲུག་པའི་ཚུན་ལ་ཁཱ་ཐར་གྱིས་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱས་པ་དང་ས་ཁུལ་གྱི་བདེ་འཇགས་ལ་གཏོར་བརླག་བྱས་པ་རྒྱུ་མཚན་དུ་བྱས་ནས། ཁཱ་ཐར་བར་གྱི་འབྲེལ་ཐག་བཅད་པར་མ་ཟད་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས། ཨ་མེ་རི་ཁས་གོང་གི་རྒྱལ་ཁབ་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་ཡོད་ལ། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་བཞི་ཡིས་ཁཱ་ཐར་བར་འབྲེལ་ཐག་བཅད་ན་དབྱི་ལིང་ལ་ཚོད་འཛིན་བྱེད་པར་ཕན་ཐོགས་མེད་པར་བསམ་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།