ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་ཙུང་ལིས་ཟླ་བཅུ་བའི་ཟླ་མཇུག་སྔོན་དུ་དབང་ཆ་སྤྲོད་རྒྱུ་ཡིན་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་ཙུང་ལི་སཱ་ལ་ཅེ་ཡིས་ཚེས་བཅུ་དྲུག་ཉིན་བསྟན་དོན། ཁོས་ཟླ་བཅུ་བའི་ཟླ་མཇུག་སྔོན་དུ་དབང་ཆ་ལས་འགན་མུ་འཛིན་བྱེད་མཁན་ལ་སྤྲོད་རྒྱུ་ཡིན་པའི་ཚུལ་བསྟན།

སཱ་ལ་ཅེ་ཡིས་ཉིན་དེའི་དགོང་མོར་ལི་པི་ཡ་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་གཏམ་བཤད་བྱེད་སྐབས་བཤད་རྒྱུར། ངས་ལྷག་བསམ་རྣམ་དག་གིས་མི་ཚང་མར་བསྒྲགས་རྒྱུ་ནི། ངས་པོ་ལེན་མཐོ་རིམ་གྲོས་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཆོད་དོན་ལྟར། ཟླ་བཅུ་བའི་ཟླ་མཇུག་སྔོན་དུ། ངས་དབང་ཆ་སྐབས་རྗེས་མའི་ལས་འགན་མུ་འཛིན་བྱེད་མཁན་ལ་སྤྲོད་རྒྱུ་ཡིན། ངས་གླེང་མོལ་ཨུ་ཡོན་ལྷན་ཁང་གིས་ཁོ་ཚོའི་ལས་འགན་ཡོངས་འགྲུབ་བྱེད་པ་དང་། ཙུང་ཐུང་ཨུ་ཡོན་ལྷན་ཁང་གསར་བ་བདམས་པ་མ་ཟད་ཙུང་ལི་གསར་བ་འདེམ་བསྐོ་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།

སཱ་ལ་ཅེ་ཡིས་དུས་མཉམ་དུ་གླེང་མོལ་ཨུ་ཡོན་ལྷན་ཁང་གིས་སྲིད་འཛིན་ལས་ཁུངས་གསར་བ་བཙུགས་ནས། ལི་པི་ཡའི་དབང་ཆ་ཞི་བདེ་དང་བརྟན་བརླིང་ངང་སྤྲོད་པར་ཁག་ཐེག་བྱེད་རྒྱུའི་རེ་བ་བཏོན། སཱ་ལ་ཅེ་ཡིས་ད་དུང་ཉེ་དུས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལི་པི་ཡའི་གནད་དོན་ཕྱོགས་ནས་གྲོས་མོལ་བྱེད་པར་དགའ་བསུ་ཞུས་པ་མ་ཟད། ལི་པི་ཡའི་ཕྱོགས་སོ་སོའི་བར་ཐུན་མོང་གི་ལྟ་བ་མང་པོ་འབྱུང་བའི་རེ་བ་བཅངས་ཡོད་ཟེར།

ལི་པི་ཡའི་ཆེས་མཐོ་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་དང་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱི་ཁོངས་མིས་ཟླ་དགུ་པའི་ཚེས་དྲུག་ཉིན་མོ་རོ་ཁོ་རུ་གླེང་མོལ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ཨུ་ཡོན་ལྷན་ཁང་གིས་ཚེས་དྲུག་ཉིན་ལི་པི་ཡའི་གཙོ་དབང་ལས་གནས་ཀྱི་འབྲེལ་ཡོད་ཚད་གཞི་དང་རྐྱེན་སྲོལ་དང་། སྲིད་གཞུང་གསར་བ་འཛུགས་པ་སོགས་ཀྱི་འབྲེལ་ཡོད་བྱ་བར་གྲོས་ཞིབ་བྱས།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།