ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཨ་མེ་རི་ཁ་རུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་ཁྲི3000ལས་བརྒལ་བར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རི་རྒྱལ་ཁབ་དུ་ཡོད་པའི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས17ཉིན་ཁྱབ་བསྒྲགས་བྱས་པའི་ཆེས་གསར་བའི་པྲོག་གསར་གློ་ཚད་རིམས་ནད་སྐོར་གྱི་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། ཨ་རི་ཤར་རྒྱུད་ཀྱི་དུས་ཚོད་ཚེས17ཉིན་གྱི་ཆུ་ཚོད18དང་སྐར་མ22བར(པེ་ཅིང་གི་དུས་ཚོད་ཆུ་ཚོད18དང་སྐར་མ22བར) གོ་ལ་ཧྲིལ་བོ་རུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་རིམ་རྩིས་བྱས་ན་ཁྲི3000ལས་བརྒལ་ཏེ་ནད་པ30003378ལ་སླེབས་ཡོད་པ་རེད།

ཨ་རི་ནི་ནད་རྟགས་ཐག་བཅད་པའི་ནད་པ་དང་ཚེ་འདས་ནད་པ་ཆེས་མང་བའི་རྒྱལ་ཁབ་ཅིག་ཡིན་ལ། རིམ་རྩིས་བྱས་ན་ནད་རྟགས་ཐག་བཅད་པའི་ནད་པ6669322དང་ཚེ་འདས་ནད་པ197554ཡོད་པ་རེད། བསྡོམས་རྩིས་གཞི་གྲངས་ལྟར་ན་ད་རག་བར་རིམ་རྩིས་བྱས་ན་ནད་རྟགས་ཐག་བཅད་པའི་ནད་པ་ཅུང་མང་བའི་རྒྱལ་ཁབ་ལ་ད་དུང་རྒྱ་གར་དང་པར་ཙིར། ཨུ་རུ་སུ། ཕེ་རུ་སོགས་ཡོད་ལ། རིམ་རྩིས་བྱས་ན་ཚེ་འདས་ནད་པ་ཅུང་མང་བའི་རྒྱལ་ཁབ་ལ་ད་དུང་པར་ཙིར་དང་། རྒྱ་གར། མོ་ཞི་ཁོ། དབྱིན་ཇི་སོགས་ཡོད།

གཞི་གྲངས་འདི་དག་ནི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་གསར་གློ་ཚད་ནད་དུག་ཞིབ་འཇུག་ལས་གཞི་ཡིས་རྒྱལ་ཁབ་སོ་སོ་དང་ས་ཁུལ་སོ་སོ་ནས་དུས་རྟག་ཏུ་ཕྱོགས་བསྡོམས་བྱས་པའི་གཞི་ལས་ཐོབ་པ་རེད།

གོ་ལ་ཧྲིལ་པོར་གསར་དུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་མུ་མཐུད་དུ་ཡར་འཕར་བཞིན་ཡོད། ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། གོ་ལ་ཧྲིལ་བོར་རིམ་རྩིས་བྱས་ན་ནད་རྟགས་ཐག་བཅད་པའི་ནད་པ་ཟླ6ཚེས28ཉིན་ཁྲི1000ལས་བརྒལ་བ་དང་། ཟླ8ཚེས10ཉིན་ཁྲི2000ལས་བརྒལ་པས་ནད་པ་ཁྲི1000ནས་ཁྲི2000དུ་འཕར་བར་ཉིན43དང་ཁྲི2000ནས་ཁྲི3000དུ་འཕར་བར་ཉིན38ལས་འགོར་མེད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།