ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་ཀྲུའུ་ཞིས་མཱ་ལེའི་ཆབ་སྲིད་ཉེན་ཚབས་མྱུར་དུ་ཐག་གཅོད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་ཀྲུའུ་ཞི། ཀག་ན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་ཏོ་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། འབྲེལ་ཡོད་ཕྱོགས་ཀྱིས་མཉམ་ལས་ལ་ཤུགས་བསྣན་ནས། མཱ་ལེའི་ཆབ་སྲིད་ཉེན་ཚབས་མྱུར་དུ་ཐག་གཅོད་རྒྱུ་ནི་རེ་བ་ཡིན་ཟེར།

ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་འཐུས་མི་དང་མཱ་ལེའི་དམག་ཕྱོགས་ཀྱི་འགོ་ཁྲིད་པས་ཉིན་དེར་ཀག་ན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་ཁི་ལཱ་ནས་མཱ་ལེའི་གནས་བབ་སྐོར་ནས་གྲོས་ཚོགས་བསྡུས། ཨ་ཏོ་ཡིས་ཚོགས་འདུའི་སྟེང་བཤད་རྒྱུར། མཱ་ལེའི་ཆབ་སྲིད་ཉེན་ཚབས་ཀྱིས་ཨ་ཧྥེ་རི་ཁ་ནུབ་མ་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་འཇིགས་སྣང་བསྐྱེད་ཡོད་པས། ཉེན་ཚབས་འདི་ཐག་གཅོད་རྒྱུ་ནི་དགོས་གཏུག་ཆེ་བ་ཞིག་རེད། རྒྱུ་མཚན་ནི་འཇིགས་སྐུལ་མི་སྣས་དེང་སྐབས་ཀྱི་ཉེན་ཚབས་དང་བསྟུན་ནས་ཛ་དྲག་གི་གནས་བབ་བཟོ་བཞིན་འདུག་པ་དེ་རེད་ཟེར།

ཨ་ཏོ་ཡིས་ཐེངས་འདིའི་ཚོགས་འདུས་མཱ་ལེའི་ཆབ་སྲིད་ཉེན་ཚབས་ཐག་གཅོད་པར་གོ་སྐབས་ཤིག་འདོན་སྤྲོད་བྱེད་པར་ཡིད་ཆེས་ཡོད་ཟེར།

ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། མཱ་ལེ་ནས་དམག་མིས་ཟིང་འཁྲུག་བསླངས་ནས། ཙུང་ཐུང་ཁའེ་ཐ་དང་སྲིད་གཞུང་གི་དཔོན་རིགས་སྐོར་ཞིག་བཀག་ཉར་བྱས་ལ། དེའི་རྗེས་སུ་ཁའེ་ཐ་ཡིས་ལས་འགན་ཡོད་ཚད་ཁུར་མཚམས་བཞག་པ་དང་། མཱ་ལེའི་རྒྱལ་དམངས་གྲོས་ཁང་དང་སྲིད་གཞུང་འཐོར་བ་ཡིན་ཞེས་བསྒྲགས། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་ཉིན་དེར་སྤྱི་བསྒྲགས་སྤེལ་ནས། མཱ་ལེའི་ཚོགས་པ་དེའི་ཁོངས་ཞུགས་རྒྱལ་ཁབ་ཀྱི་ཐོབ་ཐང་བླངས་པ་དང་། དེའི་ཁོངས་གཏོགས་རྒྱལ་ཁབ་དང་མཱ་ལེའི་བར་གྱི་མཚམས་མཚམས་བཀག་པ། ཁོངས་གཏོགས་རྒྱལ་ཁབ་དང་མཱ་ལེའི་མ་དངུལ་གྱི་འགྲོ་འོང་ཡོད་ཚད་བཀག་པ་བཅས་ཁྱབ་བསྒྲགས་བྱས། ཟླ་དགུ་པའི་ཚེས་བཅུ་གཉིས་ཉིན། མཱ་ལེའི་རྒྱལ་ཡོངས་ཀྱི་ཆབ་སྲིད་གྲོས་མོལ་ཚོགས་འདུས་མཱ་ལེའི་ཆབ་སྲིད་བར་བརྒལ་དུས་སྐབས་དེ་བར་བརྒལ་ཙུང་ཐུང་གིས་འགན་ཁུར་དམ་བཅའ་བཞག་པ་ནས་བརྩིས་ཏེ་བསྟུད་མར་ཟླ་བཅོ་བརྒྱད་རིང་དུ་གཏན་ཁེལ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།