ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གློ་ཚད་རིམས་ནད་གསར་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  

གྲོས་ཆོད་ནང་བསྟན་དོན། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ་དང་ཕྱོགས་མང་རིང་ལུགས་ལག་ལེན་དུ་བསྟར་བ། མཐུན་སྒྲིལ་རོགས་རེས་བྱེད་པ། རྒྱལ་ཁབ་ཁག་གིས་མི་གཞི་རྩར་འཛིན་པ། ཕོ་མོ་འདྲ་མཉམ་ལ་མཐོང་ཆེན་བྱེད་པ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་གང་ལེགས་བྱེད་དགོས་པ་བཅས་ཀྱི་རྩ་དོན་ལྟར་རིམས་ནད་ལ་ཁ་གཏད་འཇལ་དགོས་པར་འབོད་སྐུལ་བྱས།

གྲོས་ཆོད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་བཏོན་པའི་འཛམ་གླིང་ཡོངས་སུ་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་འགོར་རྒྱབ་སྐྱོར་བྱེད་རྒྱུ་དང་། རིམས་ནད་ཀྱིས་དྲག་ཆས་གདོང་ཐུག་ས་ཁུལ་ལ་ཐེབས་པའི་ཤུགས་རྐྱེན་ལ་དོ་ཁུར་ཟབ་མོ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་བསམ་སྦྱོར་ལ་མུ་མཐུད་རྒྱབ་སྐྱོར་བྱེད་རྒྱུར་སྐུལ་འདེད་བཏང་ཡོད།

གྲོས་ཆོད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་དང་ཆབ་སྲིད་འགོ་ཁྲིད་པ། ཆོས་ལུགས་གཙོ་འཛིན་སོགས་ཀྱིས་དཀྱེལ་ཡངས་དང་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། རིགས་རྒྱུད་རིང་ལུགས་དང་ཕྱི་དགྲ། འཁོན་འཛིན་དང་འབྲེལ་བའི་གཏམ་བརྗོད། དྲག་ཤུགས། མཐོང་ཆུང་བཅས་ལ་ངོ་རྒོལ་བྱེད་རྒྱུའི་འབོད་སྐུལ་བཏང་ཡོད།

གྲོས་ཆོད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཀྱིས་འཕྲོད་བསྟེན་ཁོངས་གཏོགས་དང་སྤྱི་ཚོགས་ཀྱི་ཐུགས་ཁུར་མ་ལག་ལ་ཤུགས་སྣོན་དགོས་པར་འབོད་སྐུལ་བཏང་བ་ལས་གཞན། ཚོགས་ཞུགས་རྒྱལ་ཁབ་ཚང་མར་དུས་ཐོག་ཏུ་སྤུས་ལེགས་དང་བདེ་འཇགས། ནུས་ལྡན། ཁག་ཁུར་བྱེད་ཐུབ་པ་བཅས་ཀྱི་ནད་དཔྱད་ཡོ་བྱད་དང་སྨན་བཅོས་བྱ་ཐབས། སྨན་རྫས། རིམས་འགོག་སྨན་ཁབ་བཅས་དུས་ཐོག་ཏུ་ཐོབ་ཐུབ་པའི་ཐད་སྐུལ་མ་བཏང་ལ།  ཁོངས་ཞུགས་རྒྱལ་ཁབ་ཀྱིས་འབྲེལ་ཡོད་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཕྱོགས་དང་མཉམ་ལས་བྱེད་པ་དང་། རིམས་འགོག་སྨན་ཁབ་དང་སྨན་རྫས་ཀྱི་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་མང་དུ་གཏོང་བ། གྲངས་ཀའི་ལག་རྩལ་སྤྱད་དེ་ནད་དུག་གསར་པ་འགོག་རྒྱུར་མཁོ་བའི་རྒྱལ་སྤྱིའི་ཚན་རིག་མཉམ་ལས་ལ་ཤུགས་སྣོན་རྒྱུ་བཅས་ལ་སྐུལ་འདེད་བཏང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།