ཀྲུང་གོ་བོད་ཀྱི་དྲ་བ།

ཁོང་ཀོ་ཤར་རྒྱུད་ཀྱི་གཏེར་འདོན་གོད་ཆག་ལས་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོང་ཀོ་རྒྱལ་ཁབ་ཀྱི་ཤར་རྒྱུད་ཞིང་ཆེན་ནན་ཅི་ཝུའུ་ཞིང་ཆེན་གྱི་ཧྲིན་ཀྲང་ཨེན་ཀེ་ཝ་པི་ཅི་ཡིས་ཚེས་བཅུ་གཉིས་ཉིན་སྤྱི་བསྒྲགས་སྤེལ་ཏེ། ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་ཞིང་ཆེན་དེའི་གཏེར་ཁྲོན་ཞིག་བརྡིབས་ནས་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར་བ་ར་སྤྲད་ཡོད་ཟེར།

ཨེན་ཀེ་ཝ་པི་ཅི་ཡིས་སྤྱི་བསྒྲགས་ནང་བཤད་རྒྱུར། རྐྱེན་ལམ་དུ་ཤོར་བའི་མི་མང་ཆེ་བ་གཞོན་ནུ་ལོ་ཆུང་ཡིན་ལ་བྱིས་པ་ཡང་ཚུད་ཡོད་ཟེར། སྤྱི་བསྒྲགས་ཀྱིས་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་གསལ་བཤད་བྱས་མེད།

རོགས་སྐྱོབ་ལས་དོན་མིག་སྔར་མུ་མཐུད་སྤེལ་བཞིན་ཡོད་ཅིང་། ཡུལ་དངོས་ཀྱི་འཚོལ་སྐྱོབ་མི་སྣས་བཤད་པ་ལྟར་ན། རྐྱེན་ལམ་དུ་ཤོར་བའི་མི་གྲངས་དེ་ལས་ཀྱང་མང་དུ་འཕར་ཀྱང་སྲིད་ཟེར།

གནས་ཚུལ་འབྱོར་བ་ལྟར་ན་དྲག་ཆར་ནི་ཐེངས་འདིའི་དོན་རྐྱེན་གྱི་འབྱུང་རྩ་ཡིན་པར་འདོད།

ཁོང་ཀོའི་གཏེར་ལས་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་སྲོག་ཤིང་ཡིན། ཤར་རྒྱུད་ས་ཁུལ་དུ་གཏེར་ཁ་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་ཁྲིམས་འགལ་གྱིས་གཏེར་ཁ་སྔོག་འདོན་བྱེད་པའི་སྣང་ཚུལ་མང་བར་མ་ཟད། བཀག་སྡོམ་བྱས་ཀྱང་འགོག་མ་ཐུབ་པར་བརྟེན།  གཏེར་ཁ་སྔོག་པའི་གོ་རིམ་ཁྲོད་དོན་རྐྱེན་ཆད་མེད་དུ་འབྱུང་བཞིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།