ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་གཅིག་ཉིན། ཨ་མེ་རི་ཁ་དང་དབྱི་སི་རལ། པ་རེན་བཅས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་དང་པ་རེན་གཉིས་ཕྱོགས་ཡོངས་ཀྱི་འབྲེལ་བ་འཛུགས་པར་འཐད་པ་བྱུང་ཟེར།
ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་སྤྱི་ཚོགས་སྨྱན་སྦྱོར་སྟེང་སྤེལ་བའི་གསལ་བསྒྲགས་ལྟར་ན། ཐི་ལང་ཕུའུ་དང་། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ། པ་རེན་གྱི་རྒྱལ་པོ་ཧ་མཱ་ཏི་བཅས་ཀྱིས་ཉིན་དེར་ཕྱོགས་གསུམ་གྱི་ཁ་པར་གྲོས་མོལ་བརྒྱུད་དེ་གྲོས་ཆོད་བཀོད་ནས། དབྱི་སི་རལ་དང་པ་རེན་བར་ཕྱོགས་ཡོངས་ཀྱི་འབྲེལ་བ་འཛུགས་པར་འཐད་པ་བྱུང་ཡོད་ཟེར།
གསལ་བསྒྲགས་ནང་བཤད་རྒྱུར། དེ་ནི་ལོ་རྒྱུས་རང་བཞིན་གྱི་བརྒལ་གཏོར་ཞིག་ཡིན་ཏེ། དབྱི་སི་རལ་དང་པ་རེན་གཉིས་ཀྱིས་ཐད་ཀར་དུ་གྲོས་མོལ་དང་འབྲེལ་འདྲིས་བྱས་ན་དབུས་ཤར་ས་ཁུལ་གྱི་དགེ་མཚན་ལྡན་པའི་ཚུལ་སྒྱུར་ལ་སྐུལ་སྤེལ་བྱས་ཏེ། ས་ཁུལ་གྱི་གཏན་འཇགས་དང་བདེ་འཇགས། དར་རྒྱས་བཅས་ལ་ཡར་སྐུལ་བྱེད་ཐུབ། པ་རེན་ཕྱོགས་ཀྱིས་ཨ་མེ་རི་ཁའི་གདན་འདྲེན་ཞུས་པ་དང་ལེན་བྱས་ཏེ། ཚེས་བཅོ་ལྔ་ཉིན་ཕོ་བྲང་དཀར་པོ་ནས་བསྡུ་རྒྱུ་ཡིན་པའི་དབྱི་སི་རལ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་གྱི་གྲོས་ཆོད་འགོད་པའི་མཛད་སྒོར་ཞུགས་རྒྱུ་རེད་ཟེར།
ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། གྲོས་ཆོད་དེ་བཀོད་པ་ནི་ལོ་མང་པོར་བྱ་བ་བསྒྲུབས་པའི་གྲུབ་འབྲས་ཡིན། པ་རེན་ནི་དབྱི་སི་རལ་བར་དུ་ཞི་བདེའི་གྲོས་ཆོད་བཀོད་པའི་ཨ་རབ་ཀྱི་རྒྱལ་ཁབ་བཞི་པ་ཡིན་ལ། རྗེས་ཕྱོགས་ཞི་བདེའི་གྲོས་ཆོད་སྔར་ལས་མང་པོ་འགོད་ཐུབ་པའི་རེ་བ་ཆེ་ཟེར།
གཞན་ཡང་པ་རེན་གྱི་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཧ་མཱ་ཏི་ཡིས་ཕྱོགས་གསུམ་གྱི་ཁ་པར་གྲོས་མོལ་ཁྲོད་དུ་ངེས་པར་དུ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་གཞིར་བཟུང་ནས། དབྱི་སི་རལ་དང་ཕ་ལེ་སི་ཐན་བར་དུ་དྲང་གཞག་དང་ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་དགོས་ཞེས་ནན་གྱིས་བཤད་ཡོད།
ཕ་ལེ་སི་ཐན་གྱི་འགོ་ཁྲིད་རིམ་པས་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་གསལ་བསྒྲགས་སྤེལ་ནས། པ་རེན་གྱིས་ཨ་མེ་རི་ཁའི་བར་འདུག་འོག་དབྱི་སི་རལ་བར་གྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་བཏང་བ་ཁས་མི་ལེན་པ་དང་དེར་ངོ་རྒོལ་དྲག་པོ་བྱེད་པ་ཡིན་ཞེས་བཤད། གསལ་བསྒྲགས་ནང་བཤད་རྒྱུར། པ་རེན་དང་དབྱི་སི་རལ་གྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་བསྒྱུར་བའི་གྲོས་ཆོད་ནི་ཕ་ལེ་སི་ཐན་གྱི་བྱ་གཞག་ལ་རྒྱབ་འགལ་བྱས་པ་ཞིག་ཡིན་ལ། ཉེན་ཁའི་བྱ་སྤྱོད་ཚབས་ཆེན་ཞིག་ཡིན་ཟེར། གསལ་བསྒྲགས་ནང་དུ་ཨ་རབ་རྒྱལ་ཁབ་ཀྱིས་ཨ་རབ་ཞི་བདེའི་གྲོས་གཞི་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བཏོན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་མཐུན་གྱི་གྲོས་ཆོད་སྣ་ཚོགས་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བཏོན་ཡོད།
ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མཱ་སིས་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་གསལ་བསྒྲགས་སྤེལ་ནས་དེར་རྒོལ་གཏམ་བཏང་། ཁོ་ཚོས་དེས་ང་ཚོའི་མི་དམངས་ལ་གནོད་བསྐྱལ་བ་མངོན་གསལ་རེད་ཅེས་བཤད།
ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན། ཨ་མེ་རི་ཁ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། དབྱི་སི་རལ་བཅས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་དང་དབྱི་སི་རལ་གྱི་འབྲེལ་བ་ཕྱོགས་ཡོངས་ནས་རྒྱུན་ལྡན་དུ་གཏོང་བར་འཐད་པ་བྱུང་། གསལ་བསྒྲགས་ནང་དུ་བཤད་རྒྱུར། ཐི་ལང་ཕུའུ་ཡི་རེ་བ་དང་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་འོག དབྱི་ས་རལ་གྱིས་ཨ་མེ་རི་ཁས་དབུས་ཤར་ཞི་བདེའི་འཆར་གཞི་གསར་པའི་ཁྲོད་གླེང་བའི་ས་ཁོངས་ཀྱིས་བདག་དབང་ལག་བསྟར་བྱེད་པ་གནས་སྐབས་སུ་མཚམས་བཞག་སྟེ། སེམས་ཤུགས་སྒྲིམ་ནས་ཨ་རབ་དང་དབྱི་སི་ལན་རྒྱལ་ཁབ་བར་གྱི་འབྲེལ་བ་རྒྱ་བསྐྱེད་རྒྱུ་ཡིན་ཟེར། ནེ་ཐ་ཉི་ཡ་ཧུའུ་ཡིས་དེའི་རྗེས་སུ་བསྟན་དོན། དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ས་ཁུལ་ཁ་ཤས་ལ་དམིགས་པའི་བདག་དབང་ལག་བསྟར་བྱེད་པའི་འཆར་གཞི་དེ་འགྱུར་མི་སྲིད་པ་དང་། ཐི་ལང་ཕུའུ་ཡིས་དབྱི་སི་རལ་ཕྱོགས་ཀྱིས་འཆར་གཞི་དེ་ལག་བསྟར་བྱེད་པ་འགོར་འགྱངས་བྱ་རྒྱུའི་རེ་བ་མ་གཏོགས་བཏོན་མེད་ཟེར།
ཕ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཨེ་ལེ་ཁ་ཐི་ཡིས་ཟླ་དགུ་པའི་ཚེས་ལྔ་ཉིན་བསྟན་དོན། ཕ་ལེ་སི་ཐན་ནི་ཐི་ལང་ཕུའུ་ཡི་ཙུང་ཐུང་འདེམ་བསྐོའི་འགྲན་སྡུར་གྱི་ཧམ་སེམས་དེའི་གནོད་པ་ཐེབས་མཁན་དུ་གྱུར་འདུག་ཟེར། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
དབྱི་སི་རལ་དང་པ་རེན་གཉིས་ཕྱོགས་ཡོངས་ཀྱི་འབྲེལ་བ་འཛུགས་པར་འཐད་པ་བྱུང་།