ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གིས་ཧོར་མུའུ་ཙི་མཚོ་འགག་ཉེ་འདབས་ནས་ལོ་འཁོར་དམག་སྦྱོང་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་གི་དམག་ཕྱོགས་ཀྱིས་ཚེས་བཅུ་ཉིན་ཧོར་མུའུ་ཙི་མཚོ་འགག་ཉེ་འདབས་ཀྱི་མཚོ་ཁོངས་ནས་དུས་ཡུན་ཉིན་གསུམ་གྱི་ལོ་འཁོར་དམག་དོན་འཁྲབ་སྦྱོང་སྤེལ། དབྱི་ལང་གི་དམག་ཕྱོགས་ཀྱིས་བཤད་རྒྱུར། དབྱི་ལང་གི་ཉེན་བརྡ་བཏང་བ་བརྒྱུད་ནས། དམག་སྦྱོང་བྱེད་སའི་མཚོ་ཁོངས་ཀྱི་བར་སྣང་དུ་འཕུར་བཞིན་པའི་ཨ་མེ་རི་ཁའི་ཁ་ལོ་བ་མེད་པའི་གནམ་གྲུ་ས་དེ་དང་བྲལ་ཟེར།

ཚབ་མིང་ལ་ཙོ་ལེ་ཧྥ་ཅར99ཟེར་བའི་དམག་དོན་འཁྲབ་སྦྱོང་དེ་སྤེལ་ཡུལ་ནི་ཧིན་རྡུ་རྒྱ་མཚོའི་བྱང་ཕྱོགས་ནས་ཧོར་མུའུ་ཙི་མཚོ་འགག་གི་ཤར་སྣེའི་བར་གྱི་སྤྱི་ལེ་གྲུ་བཞི་མ་ཉིས་བརྒྱ་ཙམ་གྱི་མཚོ་ཁོངས་ཡིན་ལ། ས་ངོས་དམག་དཔུང་དང་མཚོ་དམག མཁའ་དམག་བཅས་དམག་དོན་འཁྲབ་སྦྱོང་ལ་ཞུགས།

དབྱི་ལང་གི་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་ཚེས་བཅུ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དམག་ཕྱོགས་ཀྱིས་འཁྲབ་སྦྱོང་གི་སྐབས་སུ་རྒྱལ་ཁབ་རང་གིས་བཟོས་པའི་འདུལ་བཅོམ་པ་ཞེས་པའི་ཆུར་འཛུལ་གྲུ་གཟིངས་དང་རྒྱལ་ཁབ་རང་གིས་བཟོས་པའི་རྒྱ་བྱ་རྟགས་ཅན་གྱི་ཁ་ལོ་བ་མེད་པའི་གནམ་གྲུར་ཚོད་ལྟ་བྱ་རྒྱུ་རེད་ཟེར།

དམག་དོན་འཁྲབ་སྦྱོང་གི་བཀོད་འདོམས་དཔོན། མཚོ་དམག་གི་དམག་དཔོན་སཱར་ཏ་ལེ་ཡིས་དབྱི་ལང་གི་རྒྱལ་ཁབ་བརྙན་འཕྲིན་ཁང་ལས་བཤད་རྒྱུར། ཐེངས་འདིའི་དམག་དོན་འཁྲབ་སྦྱོང་གི་དམིགས་ཡུལ་ནི་དབྱི་ལང་གི་དམག་དོན་སྟོབས་ཤུགས་ཇེ་ཆེར་བཏང་ནས། ཕྱི་རྒྱལ་གྱི་འཇིགས་སྣང་དང་འབྱུང་སྲིད་པའི་བཙན་འཛུལ་ཡོད་ཚད་ལ་འགོག་རྒོལ་བྱ་རྒྱུ་དེ་ཡིན་ཟེར།

དབྱི་ལང་དམག་ཕྱོགས་ཀྱི་གཞུང་ཕྱོགས་དྲ་ཚིགས་སྟེང་བཀོད་པའི་གསར་འགྱུར་ལྟར་ན། དམག་དོན་འཁྲབ་སྦྱོང་དེའི་དམིགས་ཡུལ་གཅིག་ནི་ཕར་རྒོལ་དང་འགོག་སྲུང་འཐབ་ཇུས་ལ་ཇུས་འགོད་བྱས་ཏེ། རྒྱལ་ཁབ་ཀྱི་མཚོ་ཁོངས་དང་གྲུ་གཟིངས་ཀྱི་མཚོ་ལམ་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། མཚོ་དམག་གིས་ས་ནས་ས་ལ་འཕེན་པའི་འཕུར་མདའ་དང་། སྐམ་མཚོའི་སྐོར་སྐྱོད་འཕུར་མདའ། ཆུ་མདེལ་བཅས་འཕེན་ཚོད་ལྟ་བྱ་རྒྱུ་ཡིན་པ་དང་མཉམ་དུ། དམག་གྲུ་དང་ཆུར་འཛུལ་གྲུ་གཟིངས། འཐབ་འཛིང་གནམ་གྲུ། ཁ་ལོ་བ་མེད་པའི་གནམ་གྲུ་བཅས་ཀྱི་མེ་ཤུགས་འཕུར་མདེལ་གཏོང་འཕེན་མ་ལག་ལ་ཚོད་ལྟ་བྱ་རྒྱུ་རེད་ཟེར།

ཧོར་མུའུ་ཙི་མཚོ་འགག་ནི་མཚོ་ཁུགས་དང་ཧིན་རྡུ་རྒྱ་མཚོའི་བར་དུ་བགྲོད་ལམ་ཉག་གཅིག་ཡིན་ལ། འཛམ་གླིང་ཡོངས་ཀྱི་མཚོ་ཐོག་ནས་འདྲུད་པའི་རྡོ་སྣུམ་སུམ་ཆའི་གཅིག་གནས་དེ་བརྒྱུད་བཞིན་ཡོད།

དབྱི་ལང་གི་དམག་དོན་འཁྲབ་སྦྱོང་གི་མགྲིན་ཚབ་པ། མཚོ་དམག་གི་དམག་དཔོན་དབྱི་ལཱ་ཉི་ཡིས་བཤད་རྒྱུར། དམག་དོན་འཁྲབ་སྦྱོང་འགོ་མ་བརྩམས་གོང་། དམག་ཕྱོགས་ཀྱིས་ཕྱི་རྒྱལ་གྱི་གནམ་གྲུ་ལ་ཉེན་བརྡ་བཏང་བ་དང་། ལྷག་པར་དུ་ཨ་མེ་རི་ཁའི་ཁ་ལོ་བ་མེད་པའི་གནམ་གྲུ་འཁྲབ་སྦྱོང་བྱེད་ཡུལ་དང་ཁ་འབྲལ་དུ་བཅུག་པ་ཡིན་ཟེར།

ཁོས་བཤད་རྒྱུར། འཁྲབ་སྦྱོང་གི་སྔོན་ལ། ང་ཚོས་ཨ་མེ་རི་ཁའི་ཁ་ལོ་བ་མེད་པའི་གནམ་གྲུ་ས་དེ་རུ་ཡོང་ནས་ཆ་འཕྲིན་འཚོལ་སྡུད་བྱེད་བཞིན་པ་མཐོང་བས། དབྱི་ལང་གིས་ཉེན་བརྡ་བཏང་བ་དང་། ཉེན་བརྡ་བཏང་རྗེས་ཨ་མེ་རི་ཁའི་ཁ་ལོ་བ་མེད་པའི་གནམ་གྲུ་ས་དེ་དང་བྲལ་སོང་ཟེར།

དབྱི་ལང་གིས་རྒྱུན་དུ་ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མཚོ་དམག་ཧོར་མུའུ་ཙི་མཚོ་འགག་ཏུ་ཡོང་བར་ངོ་རྒོལ་བྱེད་བཞིན་པ་དང་། དུས་བཅད་ལྟར་མཚོ་འགག་དེའི་ཉེ་འདབས་ནས་དམག་སྦྱོང་སྤེལ་བཞིན་ཡོད། དབྱི་ལང་གི་དབྱི་སི་ལན་གསར་བརྗེ་སྲུང་དམག་རུ་ཁག་གིས་ཟླ་བདུན་པར་མཚོ་ཁུགས་ནས་དམག་སྦྱོང་བྱས་པ་དང་། དེའི་ལད་ཟློས་ཀྱི་རྒོལ་རྡུང་བྱེད་ཡུལ་གཅིག་ནི་ཧོར་མུའུ་ཙི་མཚོ་འགག་དུ་བཞག་པའི་ཨ་མེ་རི་ཁའི་མ་གྲུའི་དཔེ་དབྱིབས་ཤིག་རེད།

དབྱི་ལང་གི་དཔོན་རིགས་ཀྱིས་སྔ་གཞུག་ཏུ་ཐེངས་མང་པོར་ཉེན་བརྡ་བཏང་ནས། གལ་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་སྣང་ཐེབས་ན། ཧོར་མུའུ་ཙི་མཚོ་འགག་བཀག་སྡོམ་བྱེད་རྒྱུ་ཡིན་ཞེས་བཤད་མྱོང་། དབྱི་ལང་གིས་ཐེངས་སྔོན་མར་ཧོར་མུའུ་ཙི་མཚོ་འགག་བཀག་སྡོམ་བྱས་པའི་དུས་ཚོད་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པར་དབྱི་རག་བར་དུ་ལོ་བརྒྱད་ལ་དམག་འཁྲུག་བརྒྱབ་པའི་དུས་རེད།

ལུའུ་ཐི་གསར་འགྱུར་ཁང་གིས་ཚེས་བཅུ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ལང་གི་དབྱི་སི་ལན་གསར་བརྗེ་སྲུང་དམག་རུ་ཁག་དང་ཨ་མེ་རི་ཁའི་དམག་དཔུང་བར་དུ་ཉེ་བའི་ལོ་འགའི་རིང་ལ་མཚོ་ཁུགས་ནས་འགལ་བ་མང་དུ་བྱུང་བ་དང་། ཨ་མེ་རི་ཁའི་སྲིད་གཞུང་གིས་དབྱི་སི་ལན་གསར་བརྗེ་སྲུང་དམག་རུ་ཁག་གི་མཚོ་དམག་ཡན་ལག་རུ་ཁག་གིས་མགྱོགས་གྲུ་མངགས་ནས་ཧོར་མུའུ་ཙི་མཚོ་འགག་ནས་ཨ་རིའི་དམག་གྲུ་ལ་ཟིང་ཆ་སློང་བཞིན་ཡོད་ཟེར།

ཨ་མེ་རི་ཁ་དང་དབྱི་ལང་གི་འབྲེལ་བ་ཉིས་སྟོང་བཅོ་བརྒྱད་ལོའི་ཚུན་ལ་སྔར་ལས་ཀྱང་ཛ་དྲག་ཏུ་གྱུར། ཨ་མེ་རི་ཁ་ལོ་དེར་དབྱི་ལང་གི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་ལག་བསྟར་བྱེད་པའི་གྲས་ནས་ཕྱིར་བུད་དེ། དབྱི་ལང་ལ་ཡང་བསྐྱར་བཀག་སྡོམ་བྱས་པ་མ་ཟད་བཀག་སྡོམ་བྱེད་ཤུགས་ཇེ་ཆེར་བཏང་། དེར་ཨ་ལན་སྤྲོད་ཆེད། དབྱི་ལང་གིས་ཕྱི་ལོའི་ཟླ་ལྔ་པ་ནས་བཟུང་དུས་རིམ་བགོས་ཏེ་གྲོས་ཆོད་ཀྱི་དོན་ཚན་ཁག་ཅིག་ལག་བསྟར་བྱེད་མཚམས་བཞག  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།