ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་ཧྲིག་ཨར་གྱིས་མུ་མཐུད་དུ་རིམས་འགོག་བྱེད་ཐབས་ཇེ་དམ་དུ་བཏང་ནས་བཟའ་བཏུང་ལ་རོལ་བའི་བཀག་རྒྱ་གསར་བ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་ཧྲིག་ཨར་གྲོང་ཁྱེར་སྲིད་གཞུང་གིས་ཚེས་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། མ་འོངས་པའི་གཟའ་འཁོར་གཅིག་གི་ནང་ཧྲིག་ཨར་གྲོང་ཁྱེར་གྱི་ལམ་འགྲམ་ཟ་ཁང་དང་སྤོ་སྒུལ་ཟ་ཁང་སོགས་ཀྱིས་དགོང་མོའི་དུས་ཚོད་དགུའི་རྗེས་སུ་འགྲུལ་བ་དག་ཁ་ཟས་ལ་རོལ་བར་གཏན་འགོག་བྱེད་དུ་བཅུག་སྟེ། རིམས་འགོག་སྡེ་ཁག་གིས་རྒྱལ་སའི་རིམས་འགོག་བྱེད་ཐབས་ལ་ཤུགས་སྣོན་པའི་ཆོད་དོན་དང་ལེན་བྱས་ནས་རིམས་ནད་རྒྱ་ཡན་དུ་འགྲོ་བར་གཏན་འགོག་བྱེད་པའི་ཆེད་དུ་ཡིན་ཟེར། 

ཧྲིག་ཨར་གྲོང་ཁྱེར་གྱི་ཧྲི་ཀྲང་ཚབ་མ་ཞུའུ་ཀྲིན་ཞེ་ཡིས་ཉིིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཧྲིག་ཨར་གྲོང་ཁྱེར་གྱི་ལམ་འགྲམ་ཟ་ཁང་དང་སྤོ་སྒུལ་ཟ་ཁང་སོགས་སྟོང་གཉིས་དང་བརྒྱད་བརྒྱ་བཞི་ཡིས་དགོང་མོའི་དུས་ཚོད་དགུའི་རྗེས་སུ་འགྲུལ་བ་དག་ཁ་ཟས་ལ་རོལ་བར་གཏན་འགོག་བྱེད་དགོས་པ་དང་། བྱེད་ཐབས་དེ་ཟླ་འདིའི་ཚེས་བཅུ་གསུམ་བར་ལག་བསྟར་བྱེད་པའི་འཆར་གཞི་ཡོད་ཟེར། ཁོས་བཤད་རྒྱུར། ད་ལྟ་ནི་རིམས་འགོག་དང་དམངས་འཚོ་མཉམ་འཛིན་གྱི་དུས་སྐབས་ཡིན་ལ། ཧུར་ཐག་སྒོས་འཚོ་བ་རྒྱུན་ལྡན་ཅན་དུ་འགྱུར་བར་བྱེད་པའི་གནད་འགག་གི་དུས་སྐབས་ཡིན་པས། རིམས་འགོག་བྱེད་ཐབས་ཇེ་དམ་དུ་བཏང་ནས་རིམས་ནད་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱེད་དགོས་པའི་རེ་བ་ཡོད་ཟེར། 

ཞུའུ་ཀྲིན་ཞེ་ཡིས་བསྟན་དོན། ཧྲིག་ཨར་གྲོང་ཁྱེར་གྱི་ཉིན་རེའི་ནད་པའི་ཁ་གྲངས་འཕར་ཚད་བརྒྱའི་མན་ལ་ལྷུང་ནས་ཇེ་དམའ་རུ་འགྲོ་བའི་སྣང་ཚུལ་བྱུང་ཡོད་ཀྱང་། འགོས་ལམ་མི་གསལ་བའི་ནད་པའི་བསྡུར་ཚད་བརྒྱ་ཆའི་ཉི་ཤུ་ལས་བརྒལ་ཡོད་པ་དང་། ནད་རྟགས་མེད་པའི་ནད་པའི་བསྡུར་ཚད་བརྒྱ་ཆའི་བཞི་བཅུ་ཙམ་ཡོད་པས། སྔར་བཞིན་གཟབ་ནན་བྱེད་པ་ལས་ལྷོད་ཡངས་སུ་གཏོང་མི་རུང་ཟེར། 

ཧན་གོའི་སྲིད་གཞུང་གིས་ཚེས་བཞི་ཉིན་ཁྱབ་སྒྲོག་བྱས་དོན། ཟླ་འདིའི་ཚེས་བཅུ་གསུམ་ཉིན་བར་དུ་རྒྱལ་སའི་ཉེ་འཁོར་གྱི་རིམས་འགོག་བྱེད་ཐབས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། རིམས་འགོག་དྲ་རྒྱ་འཛུགས་པར་ཤུགས་སྣོན་བྱས་ནས་ད་ཡོད་ཀྱི་སྨན་བཅོས་སྟོབས་ཤུགས་ལ་འགན་སྲུང་བྱེད་རྒྱུ་རེད། དེའི་སྐབས་སུ་རྒྱལ་སའི་ཉེ་འཁོར་གྱི་གཅིག་སྦྲེལ་སྒོང་གོར་ཁང་དང་འཁྱག་ཞོའི་ཁང་བཅས་ཀྱི་ཟ་ཁང་གཏན་འགོག་བྱེད་རྒྱུ་དང་། ཟ་ཁང་གིས་དགོང་མོའི་དུས་ཚོད་དགུའི་རྗེས་སུ་ཁ་ཟས་འདོན་སྤྲོད་བྱེད་པ་གཏན་འགོག་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།