ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་དང་པཱ་ལིན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་སོགས་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་ཡིས་ཚེས་ལྔ་ཉིན་ཁེ་རོ་ནས་འཚམས་འདྲིར་ཡོང་བའི་པཱ་ལིན་གྱི་ཕྱི་འབྲེལ་བློན་ཆེན་ཀྲ་ཡེ་ནེ་དང་གྲོས་མོལ་བྱས་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་དང་། ལི་པུ་ཡཱའི་གནས་བབ་སོགས་ལ་གྲོས་བསྡུར་བྱས། 

ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལྟར་ན། ཨེ་ཅིབ་དང་པཱ་ལིན་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་སྒྲིག་སྲོལ་རྨང་གཞིར་བྱེད་པ་དང་། ཕྱོགས་ཡོངས་ནས་ཕཱ་ལེ་སི་ཐན་གྱི་ཞི་བདེའི་ལས་དོན་མངོན་འགྱུར་བྱེད་པར་དམིགས་པའི་འདོད་བློ་གང་རུང་ལ་དགའ་བསུ་ཞུ་བཞིན་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་བརྟེན་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་དོན་ལ་སྲུང་སྐྱོབ་དང་། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་པར་དམིགས་པར་བྱ་བར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་པར་མ་ཟད། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་རྒྱལ་ཁོངས་གང་རུང་བདག་ཏུ་འཛིན་འདོད་པའི་གཡོ་ཇུས་གང་རུང་མཚམས་འཇོག་དགོས་པ་ནན་བཤད་བྱས།
ལི་པུ་ཡཱའི་འབྲེལ་ཡོད་གནད་དོན་ཐད་ནས་གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་བལྟས་ན་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ལི་པུ་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པ་དང་། ལི་པུ་ཡཱའི་བདག་དབང་དང་གཅིག་གྱུར་ལ་ཟོལ་མེད་ཀྱིས་སྲུང་སྐྱོབ་བྱས་ཏེ། ལི་པུ་ཡཱའི་མི་དམངས་ཀྱི་བདེ་འཇགས་དང་གཏན་འཇགས་ཐད་ཀྱི་རེ་འདུན་མངོན་འགྱུར་བྱེད་དགོས་པར་འདོད། དེ་ལས་གཞན་ཕྱོགས་གཉིས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་ཕྱི་རྒྱལ་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་པར་སྔོན་འགོག་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པར་མ་ཟད། མཉམ་དུ་འབད་བརྩོན་བྱས་ནས་གཏན་འཇགས་ཀྱི་ཐབས་ལམ་ཇེ་དྲག་ཏུ་གཏོང་བར་གྲོས་བསྡུར་བྱས། 

ཕྱོགས་གཉིས་ཀྱིས་ད་རུང་མ་འོངས་པའི་དུས་སྐབས་ངེས་ཅན་ཞིག་གི་ནང་བྱེད་ཐབས་སྔར་ལས་མང་བོ་སྤྱད་དེ། ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། མཉམ་དུ་འཕེལ་རྒྱས་ཀྱི་སྦས་ཤུགས་དང་གོ་སྐབས་སྔོག་འདོན་བྱེད་པར་ཡིད་འཐད་བྱུང་།།

རྩོམ་སྒྲིག་པ། : བདེ་ལེགས་མཚོ།