མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལས་དོན་ཁང་གིས་རིམས་ནད་བྱུང་བའི་སྐབས་སུ་འཛམ་གླིང་བུད་མེད་ཚོགས་ཆེན་གྱི་པེ་ཅིང་བསྒྲགས་གཏམ་དང་འགུལ་སྐྱོད་རྩ་འཛིན་ལ་རྗེས་དྲན་བྱེད་དགོས་པ་ནན་གྱིས་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལས་དོན་ཁང་གི་ལག་བསྟར་ཀྲུའུ་རིན་མུའུ་ལན་པའོ་ནོའུ་ཁཱ་ཡིས་ཚེས་བཞི་ཉིན་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཡོངས་སུ་རྒྱ་ཡན་དུ་སོང་བ་ལས་བུད་མེད་ཀྱི་ཁེ་དབང་ལ་གནོད་པ་ཅུང་ཆེན་པོ་བཟོས་ཡོད། སྐབས་ཐོག་འདིར་གཅིག་སྟོང་དགུ་བརྒྱ་གོ་ལྔ་ལོར་པེ་ཅིང་འཛམ་གླིང་བུད་མེད་ཚོགས་ཆེན་ནས་གྲོས་འཆམ་བྱུང་བའི་པེ་ཅིང་བསྒྲགས་གཏམ་དང་འགུལ་སྐྱོད་རྩ་འཛིན་ལ་ཕྱིར་དྲན་དང་རྗེས་དྲན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར། 

མུའུ་ལན་པའོ་ནོའུ་ཁཱ་ཡིས་ཉིན་དེར་གསལ་སྒྲོག་ཅིག་སྤེལ་ཏེ། པེ་ཅིང་བསྒྲགས་གཏམ་དང་འགུལ་སྐྱོད་རྩ་འཛིན་གྱིས་འཛམ་གླིང་ཡོངས་ཀྱི་བུད་མེད་དག་ལ་མཛེས་སྡུག་གི་མདུན་ལྗོངས་འབྲི་བཞེངས་བྱས་ཡོད་དེ། བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་ཐོབ་པ་དང་། དྲག་ཤུགས་ཀྱི་འཇིགས་ཉེན་མི་ཐེབས་པར་བྱེད་པ། འདྲ་མཉམ་གྱི་སློབ་གསོའི་གོ་སྐབས་ལོངས་སུ་སྤྱོད་པ། ཐབས་ཇུས་འདོན་པར་ཞུགས་པ། ཕོགས་དངུལ་འདྲ་མཉམ་ཡོང་བ་སོགས་མངོན་འགྱུར་བྱེད་དགོས་ཀྱང་། དངོས་ཡོད་དེ་འདྲ་ཞིག་གཏན་ནས་མ་ཡིན། པྲོག་གསར་གློ་ཚད་རིམས་ནད་ལས་སྔ་མོ་ནས་ཡོད་པའི་འདྲ་མཉམ་མིན་པའི་སྣང་ཚུལ་ཇེ་སྡུག་ཏུ་བཏང་བ་དང་། བུད་མེད་ལ་གནོད་པའི་དྲག་ཤུགས་བྱ་སྤྱོད་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད་པར་མ་ཟད། ལོ་ངོ་ཉེར་ལྔའི་རིང་འབད་བརྩོན་བྱས་ཏེ་བླངས་པའི་གྲུབ་འབྲས་ཤུལ་མེད་དུ་འགྱུར་ཡང་སྲིད་ཟེར། 

མུའུ་ལན་པའོ་ནོའུ་ཁཱ་ཡིས་བཤད་རྒྱུར། ཚོད་དཔག་བྱས་ན་ཐེངས་འདིའི་པྲོག་གསར་གློ་ཚད་རིམས་ནད་ལས་བུད་མེད་བྱེ་བ་བཞི་དང་ས་ཡ་བདུན་ལྷག་ཐལ་དྲགས་པའི་དབུལ་ཕོངས་ཀྱི་གནས་སུ་ལྷུང་དུ་འཇུག་སྲིད། ཉིས་སྟོང་ཉེར་གཅིག་ལོའི་བར། འཛམ་གླིང་ཡོངས་སུ་ཆེས་དབུལ་ཕོངས་ཀྱི་གནས་སུ་འཚོ་བ་རོལ་བའི་བུད་མེད་ཀྱི་ཁ་གྲངས་སྔོན་དཔག་བྱས་ན་དུང་ཕྱུར་བཞི་དང་བྱེ་བ་གསུམ་ས་ཡ་ལྔར་འཕར་སྲིད་ཟེར། 

མུའུ་ལན་པའོ་ནོའུ་ཁཱ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པེ་ཅིང་བསྒྲགས་གཏམ་དང་འགུལ་སྐྱོད་རྩ་འཛིན་གྱི་དགོངས་དོན་གཙོ་བོར་ཕྱིར་བྱས་ཤིང་། མཉམ་དུ་འབད་བརྩོན་བྱས་ཏེ། སྔར་ལས་མང་བའི་བུད་མེད་དག་པྲོག་གསར་གློ་ཚད་རིམས་ནད་དང་རྒྱུ་རྐྱེན་གཞན་པའི་དབང་གིས་འདྲ་མཉམ་མིན་པ་དང་དཀའ་སྡུག་གི་གནས་སུ་ལྷུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

ད་ལོའི་ཟླ་བཅུ་བའི་ཚེས་གཅིག་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་ལྔ་བའི་གྲོས་ཚོགས་སྐབས་སུ་པེ་ཅིང་བསྒྲགས་གཏམ་དང་འགུལ་སྐྱོད་རྩ་འཛིན་བཀོད་ནས་ལོ་ངོ་ཉེར་ལྔ་འགོར་བར་རྗེས་དྲན་བྱེད་པའི་མཐོ་རིམ་གྲོས་ཚོགས་ཤིག་སྤེལ་རྒྱུ་ཡིན་པ་རེད། མུའུ་ལན་པའོ་ནོའུ་ཁཱ་ཡིས་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་རྒྱང་རིང་གི་ཕུགས་འདུན་དང་མགོ་ཁྲིད་ནུས་པ་མངོན་པར་བྱས་ཏེ། པེ་ཅིང་བསྒྲགས་གཏམ་དང་འགུལ་སྐྱོད་རྩ་འཛིན་ལས་འབྲི་བཞེངས་བྱས་པའི་རེ་འདུན་མངོན་འགྱུར་བྱེད་པར་མཉམ་དུ་འབད་བརྩོན་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།