ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་དཔོན་རིགས་ཀྱིས་ཨ་ཧྥུའུ་ཧན་ཞི་བའི་གྲོས་མོལ་གྱི་ཕྱོགས་སོ་སོས་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་དེ་གྲོས་རིམ་དང་པོར་འཇོག་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།     སྤེལ་དུས། : 2020-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ཨ་ཧྥུའུ་ཧན་གནད་དོན་གྱི་དམིགས་བསལ་འཐུས་མི་ལའེ་ཨང་སི་ཡིས་ཚེས་གསུམ་ཉིན་བསྟན་དོན། ཨ་ཧྥུའུ་ཧན་གྱི་མངའ་ཁོངས་སུ་མིག་སྔར་དྲག་ཤུགས་བྱ་འགུལ་ཚབས་ཆེ་བར་དམིགས་ནས། ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་གྱིས་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་གྲོས་མོལ་ནས་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་དེ་གྲོས་རིམ་དང་པོར་འཇོག་དགོས་ཟེར། 

ལའེ་ཨང་སི་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་སྤེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥུའུ་ཧན་རོགས་སྐྱོར་ཚོགས་པའི་གནད་དོན་གྱི་ཡོངས་བསྒྲགས་གྲོས་ཚོགས་སྟེང་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་འཁྲུག་རྩོད་བསྟུད་མར་ལོ་བཞི་བཅུ་འགོར་ཡོད་པ་དང་། གཟའ་འཁོར་རེར་མི་བརྒྱ་ཕྲག་འགའི་ཚེ་སྲོག་ཤོར་བཞིན་ཡོད་ལ། ལོ་མང་བོའི་རིང་ལ་མི་ས་ཡ་འགར་འགྲོ་སའི་ཁྱིམ་མེད་བཏང་གྱུར་ཡོད། གྲོས་མོལ་ནས་མཇུག་མཐར་ངེས་པར་དུ་ཨ་ཧྥུའུ་ཧན་གྱི་མི་ལ་རྒྱལ་ཁབ་ཅི་འདྲ་ཞིག་དགོས་འདོད་ཡོད་པར་འབྲེལ་བའི་གནད་དོན་གལ་ཆེན་རབ་དང་རིམ་པ་ཐག་གཅོད་བྱེད་དགོས་པ་དང་། ཕྱོགས་སོ་སོས་ངེས་པར་དུ་རང་རང་གི་ནུས་པ་འདོན་སྤེལ་ནས། གྲོས་མོལ་ལ་རྨང་གཞི་བཟང་བོ་ཞིག་གསར་བསྐྲུན་བྱེད་པར་འགན་སྲུང་བྱེད་དགོས་ཟེར། 

ལའེ་ཨང་སི་ཡིས་བསྟན་དོན། བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དེ་ཡང་ཕྱོགས་གཉིས་ཀྱིས་ངེས་པར་དུ་ཁ་གཏོད་དགོས་པའི་གནད་དོན་གལ་ཆེན་ཞིག་རེད། མིག་སྔར་ཐཱ་ལེ་པན་ལ་བུད་མེད་ཀྱི་གྲོས་མོལ་འཐུས་མི་ཡོད་མེད་མི་ཤེས་ཀྱང་། ཁོ་མོས་ཐཱ་ལེ་པན་གྱིས་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་རྙེད་ནས་གྲོས་མོལ་ཚོགས་ཁག་ནང་བུད་མེད་འཇོག་པའི་རེ་བ་ཡོད་ཟེར། ཁོ་མོས་ད་རུང་བསྟན་དོན། གསར་འགྱུར་ལས་རིགས་ཀྱིས་བཟོད་སྒོམ་རང་བཞིན་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་གལ་འགངས་ཧ་ཅང་ཆེ་ཟེར། ཁོ་མོས་ཉེ་སྔོན་ཨ་ཧྥུའུ་ཧན་རྒྱལ་ཁབ་ཀྱི་སྨྱན་བྱད་སྡེ་ཚོགས་དང་མཉམ་དུ་གྲོས་མོལ་འཕེལ་རིམ་ཁྲོད་ཇི་ལྟར་ཕན་ནུས་ལྡན་པར་དམངས་ཁྲོད་སྤྱི་ཚོགས་རྩ་འཛུགས་དག་གྲོས་མོལ་ལ་ཞུགས་སུ་འཇུག་པར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། 

ཨ་ཧྥུའུ་ཧན་གསར་འགྱུར་སྨྱན་བྱད་ཀྱིས་དྲངས་པའི་ཨ་ཧྥུའུ་ཧན་མི་རིགས་འགྲིག་མཐུན་མཐོ་རིམ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པའི་གཏམ་བཤད་ལས་བསྟན་དོན། ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་བར་གྱི་ཞི་བདེའི་གྲོས་མོལ་མྱུར་མོར་མགོ་རྩོམ་རྒྱུ་ཡིན་པ་དང་། སྲིད་གཞུང་གི་གྲོས་མོལ་ཚན་ཆུང་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་རུ་སོང་ནས་ཐཱ་ལེ་པན་གྱི་འཐུས་མི་དང་གྲོས་མོལ་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།