ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱེ་གསེར་གྱོམ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་བརྙན་རིས་གྲོས་མོལ་ལ་ཞུགས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།     སྤེལ་དུས། : 2020-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱེ་ཚེས་བཞི་ཉིན་པེ་ཅིང་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་བརྙན་རིས་གྲོས་མོལ་ལ་ཞུགས། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་མོལ་ལ་མགོ་འཛིན་བྱས་པ་དང་། རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་སུའུ་ཅེ་ཧྲིན་དང་། ཨ་ཧྥེ་རི་ཁ་ལྷོ་མའི་ཕྱི་འབྲེལ་བློན་ཆེན་ཕན་ཏའོ་ཨར། པཱ་ཞིའི་ཕྱི་འབྲེལ་བློན་ཆེན་ཨ་ལའོ་རོའུ་བཅས་གྲོས་མོལ་ལ་ཞུགས། 

ཝང་དབྱེ་ཡིས་བསྟན་དོན། གསེར་གྱོམ་རྒྱལ་ཁབ་དག་གིས་ཤུགས་ཆེན་པོས་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པ་ཁྱད་བསལ་བྱས་ཤིང་། དཔལ་འབྱོར་ཉོ་ཚོང་དང་ཆབ་སྲིད་བདེ་འཇགས། མི་གཞུང་བརྗེ་རེས་སོགས་ཁྱབ་ཁོངས་སུ་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། སྐོར་ཐེངས་གསུམ་གྱི་འགུལ་སྐྱོད་མཉམ་ལས་ལ་སྐུལ་འདེད་བཏང་བ་དང་། ཕན་ཚུན་རོགས་རེས་དང་དཀའ་སྡུག་མཉམ་སེལ་བྱེད་པའི་གྲོགས་པོའི་སྙིང་སྟོབས་མངོན་པར་བྱས་ཡོད། གསེར་གྱོམ་རྒྱལ་ཁབ་དག་གིས་རྒྱལ་སྤྱིའི་ཞི་བདེ་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལ་འགན་ཁུར་ནས། མཉམ་དུ་རིམས་ནད་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པ་དང་ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྐུལ་འདེད་གཏོང་བ། མཉམ་དུ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་ལ་སྐུལ་འདེད་བཏང་སྟེ། མཉམ་དུ་ཆབ་སྲིད་ལ་བརྟེན་ནས་གནད་དོན་གལ་ཆེན་ཐག་གཅོད་བྱེད་པར་ཡར་སྐུལ་གཏོང་དགོས་ཟེར། 

ཁོས་བཤད་རྒྱུར། དུས་རིམ་རྗེས་མར་ཕྱོགས་སོ་སོས་མགོ་ཁྲིད་པའི་གྲོས་མོལ་ལ་གྲ་སྒྲིག་གང་ལེགས་བྱེད་པ་དང་། ཆབ་སྲིད་བདེ་འཇགས་མཉམ་ལས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མི་གཞུང་བརྗེ་རེས་ཀྱི་མཉམ་ལས་སྦྲེལ་ཐག་དམ་པོར་འཆང་དགོས། གལ་ཏེ་མཐུན་སྒྲིལ་སྲུང་འཛིན་བྱས་ཏེ་མཉམ་ལས་བྱས་ན། གསེར་གྱོམ་རྒྱལ་ཁབ་དག་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་གལ་ཆེན་དང་། འཛམ་གླིང་ཡོངས་ཀྱི་ཐུན་མོང་འཕེལ་རྒྱས་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་སུ་འགྱུར་སྲིད། དེ་གསེར་གྱོམ་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་དང་འཚམ་པར་མ་ཟད་འཛམ་གླིང་ཡོངས་ལ་བདེ་སྐྱིད་བསྐྲུན་ཐུབ་ཟེར། 

རྒྱལ་ཁབ་ལྔའི་ཕྱི་འབྲེལ་བློན་ཆེན་དང་མཉམ་དུ་འཛམ་གླིང་ཡོངས་ཀྱི་གནས་བབ་དང་། ས་ཁུལ་གྱི་གནད་དོན་གཙོ་བོ། དེ་མིན་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས། ཕྱོགས་སོ་སོས་གཅིག་གྱུར་སྒོས་བལྟས་ན། མིག་སྔའི་གནས་བབ་འོག་གསེར་གྱོམ་རྒྱལ་ཁབ་དག་གིས་མཐུན་སྒྲིལ་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་འགྲན་རྩོད་གསར་བ་གདོང་གིས་བསུ་དགོས་པར་འདོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།