དབྱང་ཅེ་ཁྲི་ཡིས་ཞི་ལཱ་རུ་འཚམས་འདྲི་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ལཱའི་ཙུང་ཐུང་སཱ་ཁི་ལཱ་ལོ་ཕུའུ་ལུའུ་དང་ཙུང་ལི་མུས་ཙོ་ཐཱ་ཅི་སི་གཉིས་ཀྱིས་ཚེས་བཞི་ཉིན་ཡཱ་ཏེན་ནས་སོ་སོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབྱང་ཅེ་ཁྲི་ལ་ཐུག་འཕྲད་བྱས། 

དབྱང་ཅེ་ཁྲི་ཡིས་བསྟན་དོན། ཀྲུང་གོ་དང་ཞི་ལཱ་ནི་དཀའ་སྡུག་མཉམ་མྱོང་གི་གྲོགས་པོ་དང་གཉིས་ཕན་མཉམ་ལས་ཀྱི་གྲོགས་པོ་བཟང་བོ་ཡིན། ཉིས་སྟོང་བཅུ་དགུའི་ལོར་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཕན་ཚུན་ལ་འཚམས་འདྲི་མཛད་དེ། ཀྲུང་གོ་དང་ཞི་ལཱའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་རིམ་གསར་བར་ཞུགས་པར་སྣེ་ཁྲིད་བྱས། རྒྱལ་ཁབ་གཉིས་ཀྱིས་དཔུང་བ་མཉམ་གཤིབ་ཀྱིས་པྲོག་གསར་གློ་ཚད་རིམས་ནད་འགོག་སྲུང་བྱས་ཏེ། སྐྱིད་སྡུག་མཉམ་མྱོང་གི་བརྩེ་བ་དང་ཁག་ཁུར་ཡང་བསྐྱར་མངོན་པར་བྱས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཞི་ལཱ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཀོད་པའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་སྒུལ་ཤུགས་གསར་བ་སྣོན་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཞི་ལཱའི་ཁེ་ལས་དག་སྐབས་གསུམ་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུར་ཞུགས་པའི་སྐུལ་མ་གཏོང་བཞིན་ཡོད་པ་དང་། ཞི་ལཱའི་ཁྱད་ལྡན་ཐོན་རྫས་ཀྲུང་གོའི་ཚོང་རར་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད། ཕྱོགས་གཉིས་ཀྱིས་དཔལ་ཡོན་གནའ་བོའི་རྒྱལ་ཁབ་ཀྱི་གླེང་སྟེགས་བཟང་བོར་བསྒྲུབས་ཏེ་དཔལ་ཡོན་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་དཔལ་ཡོན་གྱི་འགལ་བ་དང་འཁྱོག་བརྗོད་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་གླིང་ཤར་མའི་རྒྱལ་ཁབ་བར་གྱི་མཉམ་ལས་རྒྱུན་མཐུད་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ཀྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱས་ཤིང་། ཕྱོགས་མང་རིང་ལུགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། མཐུན་སྒྲིལ་མཛའ་བཤེས་དར་སྤེལ་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་ཡར་སྐུལ་བྱེད་དགོས་ཟེར། 

ཞི་ལཱའི་མགོ་ཁྲིད་པས་བསྟན་དོན། ཞི་ལཱ་དང་ཀྲུང་གོའི་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མདུན་ལྗོངས་རྒྱ་ཆེ། རིམས་ནད་འགོག་རྒོལ་བྱས་པ་ལས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་བརྩེ་བ་སྔར་ལས་ཇེ་ཟབ་ཏུ་སོང་བ་དང་། རྒྱལ་ཁབ་བར་གྱི་ཕན་ཚུན་བཟོད་སྒོམ་དང་ཕན་ཚུན་རྒྱབ་སྐྱོར་རོགས་རམ་བྱེད་པའི་གལ་ཆེན་རང་བཞིན་འབུར་ཐོན་དུ་མངོན་པར་བྱས་ཡོད། ཞི་ལཱ་ཕྱོགས་ཀྱིས་ཀྲུང་གོའི་བར་ལག་རྡང་སྦྲེལ་ནས་རིམས་འགོག་བྱེད་པ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་རྒྱ་བསྐྱེད་པ། མཉམ་ལས་ལས་གཞི་གཙོ་བོར་སྐུལ་འདེད་གཏོང་བ། ཉིས་སྟོང་ཉེར་གཅིག་ལོའི་ཞི་ལཱ་དང་ཀྲུང་གོའི་རིག་གནས་གནས་སྐོར་ལོའི་བྱ་འགུལ་བཟང་བོར་སྤེལ་བ་དང་། དཔལ་འབྱོར་གྲོས་མོལ་དང་དམངས་སེམས་མཉམ་འདྲིས་ལ་སྐུལ་འདེ་བཏང་ནས། བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་དགོས། ཞི་ལཱ་ཡིས་མུ་མཐུད་དུ་ཀྲུང་གོའི་ཁེ་ལས་ལ་སྒོ་འབྱེད་དང་འདྲ་མཉམ་གྱི་དངུལ་གཏོང་ཁོར་ཡུག་ཅིག་འདོན་སྤྲོད་བྱེད་འདོད་ཡོད། ཞི་ལཱ་ཡིས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་ཅིང་། ཧུར་ཐག་སྒོས་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།