ཨུ་རུ་སིའི་ཙུང་ལི་ཡིས་ངེས་པར་དུ་ཕྱི་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་སྣང་ཚུལ་མེད་པར་གཏོང་དགོས་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིང་གིས་ཚེས་གསུམ་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་བསྟན་དོན། ངེས་པར་དུ་ཕྱི་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་སྣང་ཚུལ་མེད་པར་གཏོང་དགོས་ཟེར། 

ཨུ་རུ་སིའི་སྲིད་གཞུང་གསར་འགྱུར་ཅུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། མུས་ཧྲུའུ་སི་ཅིང་གིས་ཉིན་དེར་ཨུ་རུ་སིའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨུ་རུ་སི་དཀར་པོར་འཚམས་འདྲི་བྱས་པ་དང་། ཨུ་རུ་སི་དཀར་པོའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པའི་བར་གྲོས་མོལ་བྱས། མུས་ཧྲུའུ་སི་ཅིང་གིས་གྲོས་མོལ་བྱེད་སྐབས་ཨུ་རུ་སི་དཀར་པོའི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བ་བཅས་ལ་འགན་སྲུང་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། མིག་སྔའི་གནས་ཚུལ་འོག་ངེས་པར་དུ་བཅའ་ཁྲིམས་གཞིར་བཟུང་ནས་དོན་དག་ཐག་གཅོད་བྱེད་དགོས་པ་དང་། ཕྱི་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་སྣང་ཚུལ་མེད་པར་གཏོང་དགོས་ལ། རྣམ་པ་གང་རུང་གི་འཇིགས་ཉེན་དང་ཕྱོགས་གཅིག་གི་བཀག་སྡོམ་བྱེད་ཐབས་སྤྱོད་པ། ཁྲིམས་འགལ་གྱི་ཚོད་འཛིན་བྱེད་ཐབས་གཞན་པ་གང་རུང་སྤྱོད་པའི་བྱ་སྤྱོད་བསྐྱུར་དགོས་ཟེར། 

ཁོས་ནན་གྱིས་བསྟན་དོན། ཨུ་རུ་སི་ཡིས་ཨུ་རུ་སི་དཀར་པོའི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད། རྒྱུ་མཚན་ནི་དུས་རབས་མང་བོའི་ལོ་རྒྱུས་དང་སྲ་བརྟན་གྱི་སྙིང་སྟོབས་དང་ཀུན་སྤྱོད་སྦྲེལ་ཐག་གིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དམ་དུ་སྦྲེལ་ཡོད། ཁོས་ད་རུང་མཚམས་སྦྱོར་བྱས་དོན། མིག་སྔར་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱིས་ནུས་ཁུངས་གྲོན་དངུལ་རྩིས་སྤྲོད་གནད་དོན་ཐད་ནས་གྲོས་མཐུན་བཀོད་ཡོད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོའི་བར་གྱི་མཉམ་ལས་ཆུ་ཚད་ཇེ་མཐོར་བཏང་ནས་མཉམ་ལས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད་ཟེར། 

ཨུ་རུ་སི་དཀར་པོའི་ཙུང་ལི་ཀི་ལོ་ཧྥུའུ་ཆིན་ཁི་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་རེ་འགས་ནམ་རྒྱུན་ཨུ་རུ་སི་དཀར་པོའི་ད་ལྟའི་སྲིད་དབང་རྩ་རྫོགས་བྱེད་པ་དང་། ཨུ་རུ་སི་དཀར་པོར་གསར་བརྗེ་བྱེད་པ། ཨུ་རུ་སི་དང་ཨུ་རུ་དཀར་པོའི་མཛའ་མཐུན་འབྲེལ་བར་བར་ཆད་བྱེད་རྩིས་ཡོད་ལ། ཨུ་རུ་སི་དཀར་པོར་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་གནོན་ཤུགས་ཆེན་པོ་ཐེབས་ཡོད། འདི་འདྲའི་དཀའ་སྡུག་གི་སྐབས་སུ་ཨུ་རུ་སིའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པ་འཚམས་འདྲིར་ཡོང་བ་ནི་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་གཉིས་བར་སྤུན་ཟླ་ལྟ་བུའི་འབྲེལ་བ་ཡོད་པའི་བདེན་དཔང་ཡ་མེད་ཅིག་ཡིན་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།