ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུས་ཨ་རི་ཕྱོགས་ལ་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་ གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུ་དགོས་པའི་ལྕག་སྐུལ་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་རྒྱལ་དོན་བློན་ཆེན་གྱི་ལས་རོགས་ཧྲི་ཏ་ཝེས་ཉེ་དུས་ཐའེ་དབན་དང་འབྲེལ་བའི་གཏམ་བརྗོད་སྤེལ་བར་དམིགས་ནས། ཟླ་9ཚེས་1ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཐའེ་དབན་གྱི་གནད་དོན་ཐད། ཨ་རི་ཕྱོགས་ཀྱིས་བརྩི་སྲུང་ཞུ་དགོས་པ་ནི་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ཡིན་པ་ལས“ཐའེ་དབན་དང་འབྲེལ་བའི་བཅའ་ཁྲིམས”ཟེར་བ་དང་ཡང་ན“ཁག་ཐེག་དྲུག”ཟེར་བ་མིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ནོར་འཁྲུལ་དང་ཉེན་ཁའི་ལམ་དུ་ཇི་ཙམ་སྐྱོད་པ་དེ་ཙམ་གྱིས་ཐག་རིང་དུ་འགྲོ་བ་མཚམས་འཇོག་བྱེད་དགོས་པའི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་བརྗོད།

ཧྭ་ཁྲུན་ཡིང་གིས་དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་། ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། ཀྲུང་གོ་གཅིག་གི་རྩ་དོན་ནི་ཀྲུང་གོ་དང་ཨ་རིའི་དབར་ཕྱི་འབྲེལ་འབྲེལ་བ་འཛུགས་པ་དང་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་རྨང་གཞི་དང་རྩ་བའི་སྔོན་འགྲོའི་ཆ་རྐྱེན་ཡིན། དེ་སྔོན་ཨ་རིས་ཕྱོགས་རྐྱང་པའི་ཐོག་ནས་གཏན་འབེབས་བྱས་པའི“ཐའེ་དབན་དང་འབྲེལ་བའི་བཅའ་ཁྲིམས”ཟེར་བ་དང་དེ་བཞིན་ཨ་རི་ཕྱོགས་ཀྱིས་ཐའེ་དབན་ལ་དམིགས་པའི“ཁག་ཐེག་དྲུག”ཟེར་བས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་དབར་གྱི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ལས་ཚབས་ཆེན་འགལ་བ་དང་། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལས་ཚབས་ཆེན་འགལ་བ། ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ཀྱིས་ཐེ་གཏོགས་བྱེད་པ་བཅས་བྱས་པས། དེ་ནི་རྦད་དེ་ནོར་འཁྲུལ་དང་། ཁྲིམས་དང་མི་མཐུན་པ། གོ་མི་ཆོད་པ་ཞིག་ཡིན་པས། ཀྲུང་གོ་སྲིད་གཞུང་གིས་ཐོག་མ་ཉིད་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཡོད། ཨ་རི་ཕྱོགས་ཀྱིས་བརྩི་སྲུང་ཞུ་དགོས་པ་ནི་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ཡིན་པ་ལས“ཐའེ་དབན་དང་འབྲེལ་བའི་བཅའ་ཁྲིམས”ཟེར་བ་དང་ཡང་ན“ཁག་ཐེག་དྲུག”ཟེར་བ་མིན་ཞེས་བརྗོད།

ཧྭ་ཁྲུན་ཡིང་གིས་ཐའེ་དབན་གྱི་གནད་དོན་ནི་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་དང་འབྲེལ་བ་ཡོད་པ་དང་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད། མི་སུ་ཞིག་གིས་ཀྱང་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱེད་པའི་ཆོད་སེམས་དང་སྙིང་སྟོབས་ལ་ཚོད་དཔག་དམའ་པོ་བྱེད་མི་རུང་། “ང་ཚོས་ཨ་རི་ཕྱོགས་ལ་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། ཨ་རི་དང་ཐའེ་དབན་གྱི་ངོ་བོའི་འབྲེལ་བ་ཇེ་མཐོར་གཏོང་མཚམས་འཇོག་པ། ཐའེ་དབན་དང་རྣམ་པ་གང་རུང་གི་གཞུང་ཕྱོགས་ཀྱི་འགྲོ་འོང་བྱེད་མཚམས་འཇོག་པ། ནོར་འཁྲུལ་དང་ཉེན་ཁའི་ལམ་དུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཐག་རིང་དུ་འགྲོ་བ་མཚམས་འཇོག་བྱེད་དགོས་པའི་ལྕག་སྐུལ་བྱ་རྒྱུ་ཡིན”ཞེས་བརྗོད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།