ཨེ་ཤེ་ཡ་ཤར་མའི་མཉམ་ལས་དཔལ་འབྱོར་ཚོང་དོན་པུའུ་ཀྲང་གི་ཚོགས་འདུ་རབ་དང་རིམ་པར་གྲུབ་འབྲས་མང་པོ་ཐོབ་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པར། ཟླ་8ཚེས་27ཉིན་དང་ཚེས་28ཉིན་ཨེ་ཤེ་ཡ་ཤར་མའི་མཉམ་ལས་དཔལ་འབྱོར་ཚོང་དོན་པུའུ་ཀྲང་གི་ཚོགས་འདུ་རབ་དང་རིམ་པ་བརྙན་ལམ་གྱི་བྱེད་ཐབས་ཐོག་ནས་འཚོགས་ཤིང་། ཕྱོགས་ཁག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ས་ཁུལ་དང་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་བརྟན་པོའི་ངང་མཐོ་རུ་གཏོང་བ། ཕྱོགས་མང་ཚོང་དོན་སྒྲིག་གཞི་སྲུང་སྐྱོང་སོགས་ས་ཁུལ་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་གནད་དོན་གལ་ཆེན་ལ་བསམ་འཆར་སྤེལ་རེས་གཏིང་ཟབ་བྱས་པ་རེད། 

ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ(10+1)དཔལ་འབྱོར་ཚོང་དོན་པུའུ་ཀྲང་གི་ཚོགས་འདུ་ཐེངས་19པ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་རི་ཧན་བཅས་ཀྱི(10+3)དཔལ་འབྱོར་ཚོང་དོན་པུའུ་ཀྲང་གི་ཚོགས་འདུ་ཐེངས་23པ། ཨེ་ཤེ་ཡ་ཤར་མའི་དབུ་ཚོགས(EAS)ཀྱི་དཔལ་འབྱོར་ཚོང་དོན་པུའུ་ཀྲང་གི་ཚོགས་འདུ་ཐེངས་8པ་སོགས་ཨེ་ཤེ་ཡ་ཤར་མའི་མཉམ་ལས་དཔལ་འབྱོར་ཚོང་དོན་པུའུ་ཀྲང་གི་ཚོགས་འདུ་རབ་དང་རིམ་པ་བརྙན་ལམ་གྱི་བྱེད་ཐབས་ཐོག་ནས་འཚོགས་པ་དང་ཀྲུང་གོའི་ཚོང་དོན་པུའི་པུའུ་ཀྲང་ཀྲུང་ཧྲན་གོང་གསལ་གྱི་ཚོགས་འདུར་ཞུགས་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་10དང་རི་པིན་དང་། ཧན་གོ ཨོ་སི་ཁྲུ་ལི་ཡ། ནེའུ་ཙི་ལན། རྒྱ་གར། ཨ་རི། ཨུ་རུ་སུ་སོགས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྐད་ཆ་ཤོད་རེས་རོགས་ཟླའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་སྡེ་ཚན་གྱི་འགན་འཁུར་བ་འབྲེལ་ཡོད་ཚོགས་འདུར་ཞུགས་ཡོད་པ་རེད།

ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ(10+1)དཔལ་འབྱོར་ཚོང་དོན་པུའུ་ཀྲང་གི་ཚོགས་འདུ་ཐེངས་19པའི་ཐོག་ཕྱོགས་གཉིས་པོས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་ཕྱོགས་ཡོངས་ནས་བསྐྲུན་ཚུན་ཐོབ་པའི་གྲུབ་འབྲས་ལ་བློ་ཡིད་ཚིམ་པོ་བྱུང་ནས་རང་མོས་ཚོང་དོན་ཁུལ་བསྐྲུན་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཕྱོགས་གཉིས་པོའི་ཁེ་ལས་དང་མི་དམངས་ལ་དེ་བས་ལེགས་པའི་ཕན་པ་ཐོབ་པ་བྱ་རྒྱུ་ཡིན། ཚོགས་འདུར་གྲུབ་འབྲས་གསུམ་ཐོབ་ཡོད་པ་སྟེ། གཅིག་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་རིམ་སྤོར་གྲོས་ཆོད་ཡི་གེའི་འབྱུང་འགྱུར་ལས་དོན་འཆར་གཞིར་ངོས་འཛིན་གཅིག་གྱུར་བྱུང་བ་དང་། གཉིས་ནི“ཐོན་ཁུལ་ཐོག་མའི་འཆར་འགོད་ལག་བསྟར་ནུས་པ་འཛུགས་སྐྱོང”སོགས་མཉམ་ལས་རྣམ་གྲངས་གཏན་འཁེལ་བྱུང་བ། གསུམ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་10ཡི་དཔལ་འབྱོར་ཚོང་དོན་སྡེ་ཚན་གྱི་འགན་འཁུར་བའི་མིང་ཐོག་ནས་མཉམ་དུ་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་ཏེ་རང་མོས་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་མཉམ་འབྲེལ་གསལ་བསྒྲགས་བསྐྱར་བསྒྲགས་བྱས་པ་བཅས་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།