ཀྲུང་གོ་བོད་ཀྱི་དྲ་བ།

ཧཱ་མཱ་སི་དང་དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་ཐད་ནས་བཟོད་སྒོམ་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅཱ་ཧྲ་ས་ཁུལ་དངོས་སུ་ཚོད་འཛིན་བྱེད་པའི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཀྱིས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་གྱི་དགོང་མོར་དབྱི་སི་རལ་བར་བཟོད་སྒོམ་གྲོས་མཐུན་བཀོད་དེ། ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱས་ཡོད་པ་ཁྱབ་སྒྲོག་བྱས། 

ཧཱ་མཱ་སིའི་ཅཱ་ཧྲ་ས་ཁུལ་གྱི་མགོ་ཁྲིད་པ་ཞིན་ཝ་ཨར་གྱི་གཞུང་སྒྲུབ་ཁང་གིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཅཱ་ཧྲ་ས་ཁུལ་དུ་སྡོད་པའི་ཁཱ་ཐར་གྱི་འཐུས་མི་དབྱེ་མཱ་ཏིས་ཀྱི་བར་འདུམ་འོག ཧཱ་མཱ་སི་དང་དབྱི་སི་རལ་གྱིས་གྲོས་མོལ་དང་འབྲེལ་འདྲིས་བྱས་ཏེ་བཟོད་སྒོམ་གྲོས་མཐུན་བཀོད་ནས། གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བ་དང་དབྱི་སི་རལ་གྱིས་ང་ཚོའི་མི་དམངས་ལ་བཙན་འཛུལ་བྱེད་པར་བཀག་འགོག་བྱས་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། གྲོས་མཐུན་ཁྲོད་དུ་ད་རུང་ཅཱ་ཧྲ་ས་ཁུལ་གྱི་དམངས་འཚོར་ཞབས་འདེགས་ཞུ་བའི་ལས་གཞི་རེ་འགའ་འདུས་ཡོད་ཟེར། 

ཧཱ་མཱ་སིའི་དཔོན་པོ་ཞིག་གིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཧཱ་མཱ་སི་དང་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་ཕྱོགས་ཁག་གཞན་པས་དབྱི་སི་རལ་དུ་འགས་གཏོར་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་པའི་དབུགས་ལྒང་གཏོང་བ་དང་རྣམ་པ་མི་འདྲ་བའི་ཕར་རྒོལ་བྱ་སྤྱོད་ཡོངས་སུ་མཚམས་འཇོག་པར་ཡིད་འཐད་བྱུང་ཡོད་ལ། ཟླ་དགུ་བའི་ཚེས་གཅིག་ཉིན་ནས་བཟུང་། དབྱི་སི་རལ་ཕྱོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འབར་རྫས་མཁོ་འདོན་སླར་གསོ་བྱེད་རྒྱུ་ཡིན་པ་དང་། གློག་འདོན་བཟོ་གྲྭས་ཀྱང་གློག་འདོན་སླར་གསོ་བྱེད་རྒྱུ་རེད་ཟེར། 

གཞན་ཡང་དབྱི་སི་རལ་རྒྱལ་སྲུང་པུའུ་ཡི་སྲིད་གཞུང་བྱ་འགུལ་མཐུན་སྦྱོར་བའི་གཞུང་སྒྲུབ་ཁང་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། དབྱི་སི་རལ་གྱིས་ཟླ་དགུ་བའི་ཚེས་གཅིག་ཉིན་ནས་བཟུང་ཅཱ་ཧྲའི་ལྷོ་ཕྱོགས་འབྲེལ་མཚམས་སུ་ཡོད་པའི་ཁའེ་ལོས་མུའུ་ཧྲ་ལོ་མུའུ་ཡི་ཚོང་རྫས་རྒྱུ་ལམ་ཡང་བསྐྱར་སྒོ་འབྱེད་བྱེད་རྒྱུ་ཐག་བཅད་པ་དང་། ཞོར་དུ་ཅཱ་ཧྲ་ས་ཁུལ་གྱི་མཚོ་ལེ་བཅོ་ལྔའི་མཚོ་འགྲམ་གྱི་ཉ་བདའི་ས་ཁུལ་སླར་གསོ་བྱེད་རྒྱུ་རེད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་བཀག་རྒྱ་མེད་པར་བཏང་ནས་ཞི་འཇགས་དང་བདེ་འཇགས་སྲུང་འཛིན་བྱེད་པ་ཆ་རྐྱེན་དུ་བྱས་ཡོད། གལ་ཏེ་ཧཱ་མཱ་སི་ཡིས་རང་གི་དམ་བཅའ་བརྩི་སྲུང་མ་བྱས་ན། དབྱི་སི་རལ་གྱིས་དགོས་ངེས་ཀྱི་འགུལ་སྐྱོད་སྤེལ་ངེས་ཡིན་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ལཱ་མུའུ་ཏི་ནོའུ་ཧྥུའུ་ཡིས་དྲ་ཚིགས་བརྒྱུད་དེ་ཧཱ་མཱ་སི་དང་དབྱི་སི་རལ་གྱིས་བཟོད་སྒོམ་གྲོས་མཐུན་བཀོད་པར་དགའ་བསུ་ཞུས་པ་དང་། གྲོས་མཐུན་དེ་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཅཱ་ཧྲ་ས་ཁུལ་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ལ་རོགས་རམ་བྱེད་པར་ཕན་ཐོགས་ཡོད་པར་འདོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།