ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ཨ་རབ་རྒྱལ་ཁབ་མང་བོའི་བར་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་གསང་བའི་གྲོས་མོལ་བྱེད་བཞིན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཟླ་བརྒྱད་པའི་ཚེས་སུམ་ཅུའི་ཉིན་ཡེ་ལུའུ་སཱ་ལེམ་ནས་བསྟན་དོན། དབྱི་སི་རལ་གྱིས་མིག་སྔར་ཨ་རབ་རྒྱལ་ཁབ་མང་བོའི་བར་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་གསང་བའི་གྲོས་མོལ་བྱེད་བཞིན་ཡོད་ཟེར། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་ཡེ་ལུའུ་སཱ་ལེམ་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཨོ་པུའུ་ལའེ་ཨིན་དང་ཨ་མེ་རི་ཁའི་ཙུང་ཐུང་གི་མཐོ་རིམ་བློ་འདོན་པ་ཁུའུ་ཧྲི་ནཱ་གཉིས་ལ་ཐུག་འཕྲད་བྱས། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གྲོས་མོལ་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་གྱིས་ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་བཏང་སྟེ་དབྱི་སི་རལ་དང་ཨ་རབ་རྒྱལ་ཁབ་མང་བོའི་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་འགྲོ་བར་རྨང་གཞི་འདིང་བཞིན་ཡོད་ཟེར། ཁོས་བསྟན་དོན། མིག་སྔར་དབྱི་སི་རལ་གྱིས་ཨ་རབ་རྒྱལ་ཁབ་མང་བོའི་བར་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་གསང་བའི་གྲོས་མོལ་བྱེད་བཞིན་ཡོད་ཟེར། 

ཨོ་པུའུ་ལའེ་ཨིན་གྱིས་བསྟན་དོན། དབྱི་སི་རལ་གྱི་བདེ་འཇགས་ནི་ཨ་མེ་རི་ཁས་སྔར་བཞིན་གཙོར་བཟུང་ཡོད་པ་དང་། ཁོས་བལྟས་ན་དབྱི་སི་རལ་དང་ཨ་རབ་རྒྱལ་ཁབ་ཀྱི་མ་འོངས་པའི་མདུན་ལྗོངས་འོད་སྟོང་ལྡན་པར་བསམ་ཡོད་ཟེར། ཁུའུ་ཧྲི་ནཱ་ཡིས་བསྟན་དོན། དབྱི་སི་རལ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་བ་རྒྱུན་ལྡན་དུ་གྱུར་བ་ལས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་བདེ་འཇགས། ཆོས་ལུགས་བཅས་ཀྱི་མཉམ་ལས་ལ་རྨང་བཏིང་ཡོད་ཟེར། 

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཉིན་དེར་བཤད་རྒྱུར། ཨོ་པུའུ་ལའེ་ཨིན་དང་ཁུའུ་ཧྲི་ནཱ་གཉིས་དབྱི་སི་རལ་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་ཧྲ་པཱ་ཐི་ཡིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པར་ཞུགས་ཤིང་། ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དུ་སོང་སྟེ། དབྱི་སི་རལ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མཁའ་འགྲུལ་དང་གནས་སྐོར། ཉོ་ཚོང་། དཔལ་འབྱོར། དངུལ་ལོར། འཕྲོད་བསྟེན། ནུས་ཁུངས། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་གྲོས་མོལ་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།