ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་ལི་ཏི་ལིས་ཨང་དང་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན། ཀྲུང་གོའི་རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་པ་ལི་ནས་ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་ལི་ཏི་ལིས་ཨང་དང་གྲོས་མོལ་བྱས།

ཝང་དབྱི་ཡིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་ལ་གནོད་པ་ཆེན་པོ་ཐེབས་པ་མ་ཟད། མིའི་རིགས་ཀྱི་མཐུན་སྒྲིལ་ལ་ཡང་འབོད་སྐུལ་བཏང་ཡོད། རིམས་ནད་བྱུང་བའི་ཚུན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མ་ཁི་ལུང་གཉིས་ཀྱིས་ཐེངས་བཞི་ལ་ཕན་ཚུན་བར་ཁ་པར་བཏང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཀྲང་བར་ཐེངས་བདུན་ལ་ཁ་པར་བཏང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་རོགས་རེས་བྱས་ནས། མཐུན་སྒྲིལ་མཉམ་ལས་ནི་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཆེས་ཤུགས་ཡོད་ཀྱི་མཚོན་ཆ་ཡིན་པ་བདེན་དཔང་བྱས།  ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་གིས་རིམས་ནད་འགོག་བཅོས་རྒྱུན་རྣམ་ཅན་དུ་བསྒྱུར་བའི་གནས་བབ་འོག་ཧྥ་རན་སི་ལ་ཐོག་མར་འཚམས་འདྲི་བྱས་པ་དེས། ཀྲུང་གོས་ཧྥ་རན་སི་ལ་མཐོང་ཆེན་དང་དོ་སྣང་བྱེད་ཀྱིན་པ་མཚོན། ཀྲུང་གོས་ཧྥ་རན་སི་དང་མཉམ་ལས་བྱས་ནས། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཕྱོགས་མང་རིང་ལུགས་ལ་ཕན་ཡོད་པའི་སྒོ་ནས་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ཝང་དབྱི་ཡིས་བཤད་རྒྱུར། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ལ་ཁ་གཏད་དེ། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་དེ་དེང་སྐབས་འཛམ་གླིང་གི་ཆེས་གཏན་འཇགས་བདེ་ཐང་གི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། འཛམ་གླིང་ཡོངས་ཀྱི་དོན་སྙིང་སྔར་ལས་འབུར་ཐོན་ཡིན། ཕྱོགས་གཉིས་ཀྱིས་འགོ་གཙོའི་ཕྱི་འབྲེལ་སྣེ་ཁྲིད་དུ་བྱེད་པ་དང་། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བས་ཀྲུང་གོ་དང་ནུབ་ཕྱོགས་ཀྱི་འབྲེལ་བའི་ཐད་ཀྱི་སྐུལ་འདེད་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས། རྒྱལ་ཁབ་ཆེན་པོ་བར་གྱི་བརྗེ་རེས་ཀྱི་དཔེ་སྟོན་བྱེད་དགོས། ལས་གཞི་ཆེན་པོའི་མཉམ་ལས་སྣེ་ཁྲིད་དུ་བྱེད་པ་དང་། ཕྱོགས་གཉིས་མཉམ་ལས་ཀྱི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཆེན་པོའི་གཉིས་ཕན་མཉམ་རྒྱལ་གྱི་དཔེ་སྟོན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།