ཀྲུང་གོ་བོད་ཀྱི་དྲ་བ།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བུད་མེད་དག་ཞི་བདེ་སྲུང་སྐྱོབ་ནང་ཞུགས་པར་སྐུལ་འདེད་གཏོང་བའི་གྲོས་ཆོད་གསུམ་ལ་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་གྲོས་ཆོད་ལ་གཅིག་གྱུར་གྲོས་མཐུན་བཀོད་དེ། རྒྱལ་ཁབ་སོ་སོས་བྱེད་ཐབས་སྤྱད་དེ་བུད་མེད་དག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ནང་ཞུགས་པར་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་། དེ་ལས་གཞན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ད་རུང་གྲོས་ཆོད་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སོ་མཱ་ལིའི་རོགས་སྐྱོར་ཚོགས་པའི་འགན་ཡུན་ཇེ་རིང་དུ་བཏང་། 

གྲོས་ཆོད་གཉིས་ལྔ་གསུམ་བརྒྱད་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ། དེ་མིན་ས་ཁུལ་རྩ་འཛུགས་བཅས་ཀྱིས་མཉམ་དུ་བུད་མེད་དག་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ནང་ཞུགས་པར་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་ཡོད། གྲོས་ཆོད་ལས་ཁོངས་གཏོགས་རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་བུད་མེད་དག་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ནང་ཞུགས་པར་བདེ་འཇགས་ཀྱི་བྱ་བའི་ཁོར་ཡུག་དང་དངོས་པོའི་ཆ་རྐྱེན་བསྐྲུན་དགོས་པ་དང་། བུད་མེད་ཞི་བདེ་སྲུང་སྐྱོབ་མི་སྣར་དམིགས་པའི་གསོ་སྦྱོང་སྤེལ་བར་རྒྱབ་སྐྱོར་བྱེད་པའི་སྐུལ་མ་བཏང་ཡོད། 

གྲོས་ཆོད་གཉིས་ལྔ་གསུམ་དགུ་དང་གྲོས་ཆོད་ཉིས་ལྔ་བཞི་ཐིག་གཉིས་ལས་སོ་སོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སོ་མཱ་ལིའི་རོགས་སྐྱོར་ཚོགས་པའི་འགན་ཡུན་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་བར་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད། གྲོས་ཆོད་ལས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གི་དྲག་ཆས་མི་སྣའི་ཁ་གྲངས་ཁྲི་གཅིག་དང་སྟོང་ལྔ་ནས་ཁྲི་གཅིག་དང་སྟོང་གསུམ་བར་ཇེ་ཉུང་དུ་གཏོང་རྒྱུ་ཐག་བཅད་ཀྱང་། གཏན་འཁེལ་དེ་བདེ་འཇགས་གནས་བབ་ཇེ་སྡུག་ཏུ་སོང་བ་དང་བསྟུན་ནས་ལེགས་སྒྲིག་བྱས་ཆོག་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།