ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་ཆབ་སྲིད་རིགས་གཞུང་ལས་རིགས་ཀྱི་མི་སྣས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་རྒྱང་བལྟ་དང་གསར་གཏོད་ཐེབས་རྩ་ཚོགས་པའི་ལོ་ཚོགས་སྐབས་བཅུ་བཞི་བ་ཚེས་ཉེར་བདུན་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་དྲ་ཐོག་གི་རྣམ་པས་སྤེལ་བ་དང་། ཧྥ་རན་སིའི་ཆབ་སྲིད་ལས་རིགས་དང་རིགས་གཞུང་ལས་རིགས་ཀྱི་མི་སྣ་མང་བོས་འཛམ་གླིང་ཡོངས་ཀྱི་དོ་མཉམ་ཤོར་བའི་སྣང་ཚུལ་གསར་བ་ཞེས་པ་བརྗོད་སྙིང་ཡིན་པའི་གྲོས་བསྡུར་སྤེལ་བར་མ་ཟད། ཐུན་མོང་གི་ལྟ་ཚུལ་རྒྱ་ཆེར་བྱུང་ནས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། 

གྲོས་ཚོགས་ནས་བལྟས་ན། ཨ་མེ་རི་ཁའི་ཙུང་ཐུང་འདེམ་བསྐོ་མི་འགྱངས་པར་སྤེལ་རྒྱུ་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉམས་ཉེན་དང་རྗེས་མཐུད་རིམས་ནད་ཀྱི་ཤུགས་རྐྱེན་ལས་དཔལ་འབྱོར་ཉམས་ཉེན་ལ་འཕེལ་འགྲིབ་ཆེན་པོ་བྱུང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་། ཨ་མེ་རི་ཁས་བྱེད་ཐབས་མང་བོར་བརྟེན་ནས་ཀྲུང་གོར་བཀག་འགོག་བྱེད་རྩིས་བྱས་ཏེ། འཛམ་གླིང་ཡོངས་སུ་དོ་མཉམ་ཤོར་བའི་སྣང་ཚུལ་གསར་བ་བྱུང་བར་མ་ཟད། འཛམ་གླིང་གི་ས་ཁུལ་སོ་སོར་རྒྱ་ཡན་དུ་སོང་། གྲོས་ཚོགས་ལ་ཞུགས་པའི་ཧྥ་རན་སིའི་ཆབ་སྲིད་ལས་རིགས་དང་རིགས་གཞུང་ལས་རིགས་ཀྱི་མི་སྣས་མིག་སྔའི་འཛམ་གླིང་གི་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། ཡོ་རོབ་གླིང་རྒྱལ་ཁབ་སུ་གཅིག་འདྲིལ་གྱི་སྟོབས་ཤུགས་ཆགས་པར་བྱེད་པ་དང་། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱས་ཏེ་དཀའ་ཁག་དང་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཧྥ་རན་སིའི་སྔོན་ཆད་ཀྱི་ཙུང་ལི། ཧྥ་རན་སིའི་རྒྱང་བལྟ་དང་གསར་གཏོད་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་ལཱ་ཧྥ་ལན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཛ་དྲག་གི་གནས་བབ་ལས་འཛམ་གླིང་ཧྲིལ་བོ་མཐའ་གཉིས་སུ་ལྷུང་དུ་བཅུག ཨ་མེ་རི་ཁ་རྒྱལ་སྤྱིའི་གནད་དོན་མང་བོའི་ཐད་ཐད་ནས་གནད་དོན་བཟོ་མཁན་དུ་གྱུར་ཡོད། དེ་ལས་ལྡོག་སྟེ་ཀྲུང་གོར་སྒོ་འབྱེད་བགྲོད་ལམ་ལས་ཕན་འབྲས་མང་བོ་ཐོབ་ཡོད་པ་དང་། དངོས་གཉེར་མཉམ་ལས་ཀྱིས་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་ཡོད། ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་ལངས་ཕྱོགས་གསལ་བོས་ཕྱོགས་མང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་དགོས་པ་ཡོད་ཟེར། 

ཧྥ་རན་སིའི་རྒྱལ་སྤྱིའི་འབྲེལ་བ་དང་འཐབ་ཇུས་ཞིབ་འཇུག་ཁང་གི་ཡོན་ཀྲང་པའོ་ནེ་ཧྥ་སི་ཡིས་བཤད་རྒྱུར། ཀྲུང་གོའི་དཔལ་འབྱོར་མྱུར་མོར་འཕེལ་རྒྱས་བྱུང་བ་དང་རྒྱལ་ཤུགས་སྟོབས་ལྡན་དུ་གྱུར་བ་དེ་ཨ་མེ་རི་ཁར་མཚོན་ན་དོན་ངན་ཞིག་མིན་ཡང་། ཡིད་འཕང་བ་ཞིག་ལ་ཨ་མེ་རི་ཁས་དེ་ནི་དང་ལེན་བྱེད་ཐབས་མེད་པའི་དོན་ཞིག་ཏུ་བསམ་ཡོད་ཟེར། ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བར་མཚོན་ན། འདས་པའི་ལོ་ངོ་བཞི་བཅུའི་ནང་། ཧྥ་རན་སི་དང་ཀྲུང་གོའི་དཔལ་འབྱོར་ཚོགས་པའི་ཚད་ཀྱི་འབྲེལ་བ་དེ་ཕལ་ཆེར་གོ་ལྡོག་ནས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཉོ་ཚོང་དང་འཐབ་ཇུས་ཁྱབ་ཁོངས་ནས་དོ་མཉམ་གྱི་གནད་འཚོལ་ཞིབ་བྱས་ཏེ། རྒྱལ་ཁབ་ཆེན་མོའི་འབྲེལ་བའི་དཔེ་སྟོན་དུ་གྱུར་ཡོད། ཡོ་རོབ་གླིང་རྒྱལ་ཁབ་དག་ཨ་མེ་རི་ཁས་ཀྲུང་གོར་བཀག་འགོག་བྱེད་པའི་དཔུང་རོགས་སུ་མི་བྱེད་པར། ལངས་ཕྱོགས་གསལ་བོའི་སྒོ་ནས་ཀྲུང་གོའི་བར་ལག་རྡང་སྦྲེལ་ནས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་དགོས། 

ཧྥ་རན་སིའི་ཞིང་ཆེན་སོ་སོའི་གྲོས་ཁང་མནའ་འབྲེལ་གྱི་ཀྲུའུ་ཞི་པུས་སེ་ལོ་ཡིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ལས་ཀྲུང་གོའི་དཔལ་འབྱོར་གྱི་འཕེལ་ཚད་ཇེ་དལ་དུ་བཏང་ཡོད་ཀྱང་། ཀྲུང་གོའི་ཚོང་ར་རྒྱ་ཆེ་བས་འཕེལ་རྒྱས་ཀྱི་སྦས་ཤུགས་དང་འགུག་ཤུགས་སྔར་བཞིན་ཆེ་སྟབས། ཧྥ་རན་སི་ཡིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་རེ་བ་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།