ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཀྱིས་མུའུ་སི་ལིན་སྤུན་ཟླའི་ཚོགས་པའི་མགོ་བ་ཚབ་མ་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ནང་སྲིད་པུའུ་ཡིས་ཚེས་ཉེར་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། མུའུ་སི་ལིན་སྤུན་ཟླའི་ཚོགས་པའི་མགོ་བ་ཚབ་མ་དབྱེ་ཀྲ་ཐི་ཁེ་རོ་ཤར་ངོས་ཀྱི་སྡོད་ཁང་ཞིག་ནས་འཛིན་བཟུང་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དབྱེ་ཀྲ་ཐི་ཡང་མུའུ་སི་ལིན་སྤུན་ཟླའི་ཚོགས་པའི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་མགོ་བ་ཞིག་ཡིན་པ་དང་། ཁོ་འཛིན་བཟུང་བྱེད་སྐབས་ཡོད་སའི་ཁང་བ་དེ་ནི་སྦས་སྐོང་དང་འཇིགས་སྐུལ་བྱ་འགུལ་ལ་འཆར་འགོད་དང་བཀོད་འདོམ་བྱེད་པའི་ཐད་བཀོལ་བཞིན་ཡོད་པ་རེད། འཛིན་བཟུང་འགུལ་སྐྱོད་སྤེལ་སྐབས་རྒྱལ་ཁབ་ཕྱི་ནང་གི་རྩ་འཛུགས་དེའི་ཁོངས་མིར་འབྲེལ་གཏུག་བྱེད་པར་བཀོལ་བའི་རྩིས་འཁོར་དང་ཁ་པར་སོགས་གཞུང་བཞེས་བྱས་ཡོད་ཟེར། 
གསལ་སྒྲོག་ལས་འཛིན་བཟུང་བྱས་པའི་བྱེ་བྲག་གི་དུས་ཚོད་གསལ་བཤད་བྱས་མེད། དེའི་སྔོན་བཤད་ཚུལ་ལྟར་ན་དབྱེ་ཀྲ་ཐི་ཕྱི་རྒྱལ་དུ་བྲོས་བྱོལ་བྱས་ཡོད་ཟེར། 

ད་ལོ་ལོ་དོན་དྲུག་ཡིན་པའི་དབྱེ་ཀྲ་ཐི་ཡིས་ཉིས་སྟོང་བཅུ་གསུམ་ལོའི་ཟླ་དྲུག་པར་མུའུ་སི་ལིན་སྤུན་ཟླའི་ཚོགས་པའི་དྲག་ཆས་ཡན་ལག་རུ་ཁག་བཙུགས་པ་དང་། ལོ་རེའི་ཟླ་བརྒྱད་པར་རྩ་འཛུགས་དེའི་མགོ་བ་ཚབ་མར་གྱུར་ནས། འཇིགས་སྐུལ་བྱ་འགུལ་མང་བོར་འཆར་འགོད་དང་ལག་བསྟར་བྱས། དེའི་ནང་ཉིས་སྟོང་བཅོ་ལྔ་ལོའི་ཨེ་ཅིབ་ཀྱི་སྐབས་དེའི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་པོ་པཱ་ལཱ་ཁཱ་ཐི་ལྐོག་གསོད་བྱས་པ་སོགས་འདུས། 

མུའུ་སི་ལིན་སྤུན་ཟླའི་ཚོགས་པ་ནས་ཡོང་བའི་མུའུ་ཨར་ཞི་ཉིས་སྟོང་བཅུ་གཉིས་ལོར་ཨེ་ཅིབ་ཀྱི་ཙུང་ཐུང་དུ་བདམས་པ་དང་། ཉིས་སྟོང་བཅུ་གསུམ་ལོའི་ཟླ་བདུན་པར། ཨེ་ཅིབ་དམག་དཔུང་གིས་མུའུ་ཨར་ཞི་ཡི་ཙུང་ཐུང་གི་ལས་འགན་བླངས། ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཅུ་གཉིས་པར། ཨེ་ཅིབ་བར་བརྒལ་སྲིད་གཞུང་གིས་མུའུ་སི་ལིན་སྤུན་ཟླའི་ཚོགས་པ་དེ་འཇིགས་སྐུལ་རྩ་འཛུགས་སུ་གཏན་འཁེལ་བྱས་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།