ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དཀར་པོས་ནུབ་རྒྱུད་ས་ཁུལ་ནས་ཕྱོགས་བསྡུས་འཐབ་རྩལ་གྱི་དམག་དོན་སྦྱོང་བརྡར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དཀར་པོའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སི་དཀར་པོའི་དྲག་ཆས་དམག་དཔུང་གིས་ཉིན་དེར་ནུབ་རྒྱུད་ཀྱི་ཀི་ལོ་ཏི་ནོའུ་ཀྲིག་ནས་དུས་ཡུན་ཉིན་བཞིའི་ཕྱོགས་བསྡུས་འཐབ་རྩལ་གྱི་དམག་དོན་སྦྱོང་བརྡར་ཆེན་མོ་སྤེལ་མགོ་བརྩམས་ཡོད་ཟེར། 

ཨུ་རུ་སི་དཀར་པོའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། དམག་དོན་སྦྱོང་བརྡར་དེ་ཨུ་རུ་སི་དཀར་པོའི་དྲག་ཆས་སྟོབས་ཤུགས་ནུབ་བརྒྱུད་འཐབ་འཁྲུག་དམག་སྤྱི་ཁང་གི་དམག་སྤྱིའི་མགོ་ཁྲིད་འོག་སྤེལ་བ་དང་། དམག་དོན་སྦྱོང་བརྡར་ལ་ཞུགས་མཁན་ལ་འཕྲུལ་ཆས་ཅན་གྱི་དམག་དཔུང་དང་། ཐན་ཁི་འཁོར་ལོའི་དམག་དཔུང་། མཁའ་འབབ་དམག་དཔུང་། མེ་སྒྱོགས་དམག་དཔུང་། བཟོ་སྐྲུན་དམག་དཔུང་། དེ་མིན་གློག་རྡུལ་འཐབ་འཁྲུག་མི་སྣ་བཅས་འདུས་ཟེར། 

ཨུ་རུ་སི་དཀར་པོའི་རྒྱལ་སྲུང་བློན་ཆེན་ཧི་ལེན་ཉིང་གིས་ཚེས་ཉི་ཤུ་ཉིན་བཀའ་རྒྱ་བཏང་སྟེ། ནུབ་བརྒྱུད་ཀྱི་ཀི་ལོ་ཏི་ནོའུ་ཀྲིག་ནས་ཕྱོགས་བསྡུས་འཐབ་རྩལ་གྱི་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཐག་བཅད། ཨུ་རུ་སི་དཀར་པོའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་བདུན་ཉིན་བསྒྲགས་པ་ལྟར་ན། ཕྱོགས་བསྡུས་འཐབ་རྩལ་གྱི་དམག་དོན་སྦྱོང་བརྡར་གྲ་སྒྲིག་བྱེད་པའི་དུས་རིམ་དུ། འབྲེལ་ཡོད་དམག་དཔུང་གི་འཕྲུལ་རྟའི་ཡན་ལག་རུ་ཁག་དང་། མཁའ་འབབ་ཡན་ལག་རུ་ཁག ཐན་ཁི་འཁོར་ལོའི་ཡན་ལག་རུ་ཁག མྱུལ་ཞིབ་ཡན་ལག་རུ་ཁག་སོགས་སྦྱོང་བརྡར་ར་བ་མི་འདྲ་བར་གྲ་སྒྲིག་བྱ་བ་སྤེལ་ཡོད་ཟེར། 

ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཚེས་ཉེར་བདུན་ཉིན་བསྟན་དོན། མིག་སྔར་ཨུ་རུ་སི་དཀར་པོའི་ནུབ་རྒྱུད་མཐའ་མཚམས་ས་ཁུལ་དུ་ཕྱི་ཕྱོགས་ཐེ་གཏོགས་ཀྱི་འཇིགས་ཉེན་ལ་འཕྲད་ཡོད་པས། རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་ནུབ་རྒྱུད་མཐའ་མཚམས་ས་ཁུལ་གྱི་གནས་བབ་གཏན་འཇགས་སུ་མི་གཏོང་ཐབས་མེད་བྱུང་བ་དང་། དམག་དཔུང་སྐོར་འགའ་ས་ཁུལ་གཞན་ནས་ནུབ་རྒྱུད་ཀྱི་མཐའ་མཚམས་ས་ཁུལ་དུ་བཀོད་སྒྲིག་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།