ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཁི་ཨར་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་མང་བོའི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་ཉེར་བརྒྱད་ཉིན་པའོ་ལིན་ནས་བསྟན་དོན། མ་འོངས་པར་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྲུང་གོ་དང་མཉམ་དུ་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་དང་། ཕྱོགས་གསུམ་པའི་ཚོང་ར་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར། 

མའོ་ཁི་ཨར་གྱིས་ཉིན་དེར་པའོ་ལིན་ནས་དབྱར་ཁའི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས། ཁོ་མོས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། འཇར་མན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ། ཡོ་རོབ་གླིང་མནའ་འབྲེལ་དང་ཀྲུང་གོས་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ལ་ཤུགས་སྣོན་པར་སྐུལ་འདེད་གཏོང་རྒྱུ་ཡིན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྲུང་གོ་དང་མཉམ་དུ་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་དང་ཕྱོགས་གསུམ་པའི་ཚོང་ར་སོགས་ཐད་ཀྱི་མཉམ་ལས་མང་བོ་སྤེལ་འདོད་ཡོད་པ་དང་། ཞོར་དུ་ཡོ་རོབ་གླིང་མནའ་འབྲེལ་དང་ཀྲུང་གོའི་དངུལ་གཏོང་གྲོས་ཆོད་གྲོས་མོལ་ལ་གྲུབ་འབྲས་གསར་བ་ཐོབ་པར་རེ་ཡོད་ཟེར། 

མའོ་ཁི་ཨར་གྱིས་ད་རུང་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱིས་སྔ་ན་མེད་པའི་འགྲན་རྩོད་བསླངས་ཡོད། མ་འོངས་པའི་ཟླ་ངོ་འགའི་ནང་། འཇར་མན་སྲིད་གཞུང་གིས་རྒྱལ་ནང་གི་བྱ་བའི་གཙོ་གནད་དེ་སློབ་མའི་སློབ་གསོར་འགན་སྲུང་བྱེད་པ་དང་། དཔལ་འབྱོར་གྱི་གསོན་ཤུགས་སླར་གསོ་བྱེད་པ། ཉམ་ཞན་ཚོགས་ཁག་ལ་རོགས་རམ་བྱེད་པ་བཅས་ཀྱི་ཐད་འཇོག་རྒྱུ་ཡིན། ཡོ་རོབ་གླིང་མནའ་འབྲེལ་རིམ་པ་ནས་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་གྱི་སྣེ་ཁྲིད་དེ་ཐེངས་འདིའི་ཉམས་ཉེན་ཁྲོད་སླར་གསོ་འབྱུང་དུ་འཇུག་པ་དེ་ནི་འཇར་མན་གྱིས་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་ཀྱི་བྱ་བའི་གཙོ་གནད་ཡིན་ཟེར། 

ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་། འཇར་མན་གྱིས་ཁི་ལོ་ཏི་ཡཱའི་ཚབ་ཏུ། དུས་ཡུན་ལོ་ཕྱེད་ཀྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཡུན་ལག་བསྟར་བྱེད་མགོ་བརྩམས་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།