ཀྲུང་གོ་བོད་ཀྱི་དྲ་བ།

ཅིན་ཀྲིན་ཨིན་ཧོང་ཧེ་ལྷོ་བརྒྱུད་ཀྱི་དྲག་རླུང་གི་གནོད་འཚེ་ཐེབས་པའི་ས་ཁུལ་དུ་སོང་ནས་ཡུལ་དངོས་ནས་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། དྲག་ཆས་སྟོབས་ཤུགས་ཀྱི་ཆེས་མཐོའི་དམག་སྤྱི་ཅིན་ཀྲིན་ཨིན་ཚེས་ཉེར་བདུན་ཉིན་ཧོང་ཧེ་ལྷོ་བརྒྱུད་ཀྱི་དྲག་རླུང་གི་གནོད་འཚེ་ཐེབས་པའི་ས་ཁུལ་དུ་སོང་ནས། ཡུལ་དངོས་ནས་གནོད་ཐེབས་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། རྒུད་སྐྱོབ་བྱ་བའི་ཐད་བྱེ་བྲག་གི་མཛུབ་སྟོན་བྱས། 

བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཧོང་ཧེ་ལྷོ་བརྒྱུད་ཀྱི་ཏང་ཨུའི་ཨུ་ཡོན་ཀྲང་ལིས་ཀྲི་ཝན་ལ་ཐུག་འཕྲད་བྱས་པ་དང་། ས་དེའི་གནོད་ཐེབས་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་མྱུར་དུ་དྲག་རླུང་གི་གནོད་འཚེ་སེལ་དགོས་པ་དང་། ཁྱད་པར་དུ་ནུས་ཤུགས་ཆེན་པོ་བཏོན་ནས་ཞིང་ལས་སྡེ་ཁག་གི་གནོད་འཚེ་ཇེ་ཉུང་དུ་གཏོང་དགོས་ལ། ཞིང་ལས་ལོ་ཏོག་གི་གནོད་ཐེབས་གནས་ཚུལ་ལ་བརྡར་གཅོད་ཡང་དག་བྱེད་པ་དང་བྱེད་ཐབས་སྤྱད་དེ་ཞིང་ལས་ལོ་ཏོག་གི་སྐྱེ་ཚད་ལེགས་བཅོས་བྱེད་དགོས་ཟེར། 

ཅིན་ཀྲིན་ཨིན་གྱིས་བཤད་རྒྱུར། ཏང་རྩ་འཛུགས་དང་ལས་བྱེད་པས་ཡང་དག་པའི་ཉམས་ཉེན་ཐག་གཅོད་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་པ་དང་། སྔ་མོ་ནས་བདེ་འཇགས་འགོག་སྲུང་བྱེད་ཐབས་སྤྱད་པས་ད་གཟོད་མི་སྣའི་ཤི་རྨས་ལྡབ་འགྱུར་གྱིས་ཇེ་ཉུང་དུ་བཏང་ཡོད་པར་མ་ཟད། ཚད་ཆེན་པོའི་སྒོ་ནས་སྡེ་ཁག་སོ་སོའི་གནོད་ཐེབས་གཞི་རྒྱ་ཇེ་ཆུང་དུ་བཏང་ཡོད་ཟེར། ཁོས་ད་རུང་རྒྱལ་ཁབ་རང་བྱུང་གནོད་འཚེ་ཉམས་ཉེན་ཐག་གཅོད་དོ་དམ་མ་ལག་ལ་གདེང་འཇོག་གང་ལེགས་བྱས་པ་དང་། མ་ལག་དེ་རིམ་བཞིན་འཐུས་ཚང་དུ་སོང་ནས་ཉམས་ཉེན་ཐག་གཅོད་ནུས་པ་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་ཟེར། 

ཅིན་ཀྲིན་ཨིན་གྱིས་མི་དམངས་ཡོངས་ཀྱིས་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བ་ཧུར་ཐག་སྒོས་སྤེལ་བ་དང་། ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྡེ་ཁག་སོ་སོ་ཧོང་ཧེ་ལྷོ་བརྒྱུད་ཀྱི་ཞིང་ས་དང་ཞིང་ལས་ལོ་ཏོག་གི་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བར་ཞུགས་དགོས་པའི་མཛུབ་སྟོན་བྱས།

མི་འགྱངས་པར་ཐོན་ལ་ཉེ་བའི་དྲག་རླུང་གནད་དོན་ཐག་གཅོད་བྱེད་ཆེད། ཅིན་ཀྲིན་ཨིན་གྱིས་ཚེས་ཉེར་ལྔ་ཉིན་མགོ་འཛིན་བྱས་ཏེ་ཆབ་སྲིད་ཅུའི་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས། གཙོ་བོ་དྲག་རླུང་འགོག་སྲུང་གི་བྲེལ་མྱུར་ཐབས་ཇུས་དང་སྔར་ལས་ལྷག་པའི་སྒོ་ནས་རིམས་འགོག་བྱ་བར་ཤུགས་སྣོན་པར་གྲོས་བསྡུར་བྱས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།